མི་དབང་མཆོག་དང་ རྒྱལ་བཙུན་རྣམ་༢ ཀྱིས་ ཞིང་གཤེགས་རྒྱལམོ་ ཨི་ལི་ཟ་བཱད་༢ པའི་ རྒྱལ་ཁམས་སྤུར་སྦྱང་ནང་ གྲལ་བཞུགས་གནང་ཡོདཔ།

༉ ཡུ་ནའེ་ཊེཊ་ཀིང་ཌོམ་གྱི་རྒྱལཔོ་ ཅཱལསི་༣ པ་མཆོག་གིས་ མགྲོན་བརྡ་ཕུལཝ་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ འཛམ་གླིང་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཚུ་དང་གཅིག་ཁར་ ལཱོན་ཌོན་ལུ་སྦེ་ ཞིང་གཤེགས་རྒྱལམོ་ ཨི་ལི་ཟ་བཱད་༢ པའི་ རྒྱལ་ཁམས་སྤུར་སྦྱང་ནང་ ཐུགས་སྨོན་དང་ གུས་བཏུད་ཞུ་ནིའི་དོན་ལུ་ གྲལ་བཞུགས་གནང་ཡོདཔ་ཨིན་པས།

ཝེསཊི་མིནསི་ཊར་ ཨ་བེ་ལུ་སྦེ་ ཞིང་གཤེགས་རྒྱལམོ་གི་ སྤུར་སྦྱང་ཕུལ་བའི་སྐབས་ འཛམ་གླིང་རྒྱལ་ཁབ་ཚུ་ལས་ བསམ་བརྗོད་ལས་འདས་པའི་མི་ཚུ་གིས་ རྒྱང་མཐོང་དང་ ཡོངས་འབྲེལ་ཐོག་ལས་ མཇལ་ཁ་ཞུ་ཡོདཔ་ད་ ཞིང་གཤེགས་རྒྱལམོ་མཆོག་ ཝིནཌི་སོར་བཙན་མཁར་ལུ་ སེནཊ་ཇོརཇི་གི་ ཡེ་ཤུའི་ལྷ་ཁང་ནང་ མོ་རའི་ ཚེ་འདས་རྨགཔ་ སྲས་ཕི་ལིཔ་གི་ སྦོ་ལོགས་ཁར་ ས་འོག་བཙུགས་ཡོདཔ་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༡༨ ལུ་ མི་དབང་མཆོག་དང་ རྒྱལ་བཙུན་རྣམ་༢ ཀྱིས་ རྒྱལ་ཁམས་སྤུར་སྦྱང་གནང་སར་ སྐུ་མགྲོན་ཚུ་གི་དོན་ལུ་ རྒྱལཔོ་གི་བསུ་སྟོན་ལས་རིམ་ནང་ གྲལ་གཏོགས་གནང་ཡོདཔ་ཨིན་པས།

དེ་ཚེ་ཕྱི་རུ་ མི་དབང་མཆོག་དང་ རྒྱལ་བཙུན་རྣམ་༢ ཀྱིས་ ཝེསཊི་མིནསི་ཊར་མཆོད་ཁང་ནང་ ཆིབས་སྐྱོད་གནང་སྟེ་ ཞིང་གཤེགས་རྒྱལམོ་ ཨི་ལི་ཟ་བཱད་༢ པ་ལུ་ ཐུགས་སྨོན་དང་ གུས་བཏུད་ཞུ་ཡོདཔ་ཨིན་པས།

ཞིང་གཤེགས་རྒྱལམོ་མཆོག་ མོ་རའི་ཡབ་ རྒྱལཔོ་ཇོརཇི་༦ པ་ གཤགས་པའི་ཤུལ་ལས་ སྤྱི་ལོ་༡༩༥༢ ཟླ་༢ པའི་ཚེས་༦ ལུ་ ཡུ་ནའེ་ཊེཊ་ཀིང་ཌོམ་དང་ ཀོ་མཱན་ཝེལཐི་གི་ གསེར་ཁྲིར་མངའ་གསོལ་ མཛད་ཡོདཔ་ཨིན་པས།

ཞིང་གཤེགས་རྒྱལམོ་ ཨི་ལི་ཟ་བཱད་༢ པ་མཆོག་ སྤྱི་ལོ་༢༠༢༢ ཟླ་༩ པའི་ཚེས་༨ ལུ་ ཨིས་ཀོཊ་ལེནཌི་ལུ་ བཱལ་མོ་རཱལ་བཙན་མཁར་ནང་ གཤགས་ཡོདཔ་བཞིན་དུ་ མོ་རའི་ སྲས་སྦོམ་ཤོས་ རྒྱལཔོ་ཅཱལསི་༣ པ་གིས་ ཤུལ་འཛིན་འབད་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *