མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དཱ་ས་ཡིན་ཊི་ཀ་གནང་པའི་བསྒང་།

མི་དབང་མཆོག་གིས་ ཧིན་དུའི་འཐུས་མི་ཚུ་ལུ་ དཱ་ས་ཡེན་ཊི་ཀ་གནང་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གླིང་ཀ་ནང་ཕོ་བྲང་ནང་ སྤུངས་འཛོམས་འབད་མི་ ཧིན་དུ་མི་སྡེའི་ འཐུས་མི་ཚུ་ལུ་ ཐུགས་སྨོན་དང་བཅསཔ་སྦེ་ དཱ་ས་ཡེན་ཊི་ཀ་གནང་ཡོདཔ་ཨིན་པས།

ཊི་ཀའི་བྱིན་རླབས་ཞུ་སར་ ལྷོ་ཕྱོགས་རྫོང་ཁག་ བསམ་རྩེ་དང་ གསར་སྤང་ དར་དཀར་ནང་ བསམ་གྲུབ་ལྗོངས་མཁར་ ཆུ་ཁ་ རྩི་རང་རྫོང་ཁག་༦ གི་ རྒེད་འོག་༦༠ ལས་ འཐུས་མི་རེ་དང་གཅིག་ཁར་ ཧིན་དུ་དར་མ་ས་མུ་ད་ཡ་ཆོས་སྡེ་དང་ ཧིན་དུ་མི་སྡེའི་ འཐུས་མི་གཞན་ཚུ་གིས་ གྲལ་གཏོགས་འབད་ཡི་ཟེར་ རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།

ཁ་ཙ་ ཧིན་དུ་དར་མ་ས་མུ་ད་ཡའི་ ཆོསཔ་ཚུ་གིས་ གླིང་ཀ་ན་ཕོ་བྲང་ནང་སྦེ་ དུར་ག་པུ་ཇའམ་ ལྷ་མོ་རྫོང་གཉེན་མའི་ གསོལ་མཆོད་གནང་ཡོདཔ་ཨིན་པས།

དཱ་ས་ཡོ།ེན་དེ་ འབྲུག་རྒྱལ་ཁབ་ནང་ ཧིན་དུའི་དུས་སྟོན་ གལ་གནད་ཅན་ཅིག་ཨིནམ་བཞིན་དུ་ ཉིན་གྲངས་༡༥ ཚུན་ བརྩི་སྲུང་འབད་མི་ དུས་སྟོན་དེ་ ཧིན་དུའི་ཟླཝ་ ཨཱཤ་བིན/ཨ་སའུཇ་ཟེར་མི་ ཚེས་པའི་ཟླཝ་ལས་འགོ་བཙུགས་ ཚེས་བཅོ་ལྔ་ཟླཝ་ཉ་གང་ཚུན་ཚོད་ བརྩི་སྲུང་འབདཝ་ཨིན་པས།

ཧིན་དུའི་བསྟན་བཅོས་དང་འཁྲིལཝ་ད་ དཱ་ས་ཡེན་དེ་ ར་མ་གིས་ བདུད་རྒྱལ་ར་བ་ཝ་ན་དང་ ཁོ་གི་ཕོ་སྤུན་ ཀུམ་ཀར་ན་ལས་ རྒྱལ་ཁ་ཐོབ་པའི་ དུས་དྲན་སྦེ་ བརྩི་སྲུང་འབད་དོ་ཡོདཔ་ད་ ཕྱད་མདའ་དེ་ཚུ་ནང་ ལྷ་མོ་དུར་ག་འམ་ རྫོང་གཉེན་མ་གིས་ སྐྱབས་མགོན་མཛད་དེ་ རྒྱལ་ཁ་ཐོབ་ཡོདཔ་སྦེ་ ཡིད་ཆེས་བསྐྱེདཔ་བཞིན་དུ་ དྭ་ས་ཡེན་དུས་སྟོན་སྐབས་ ལྷ་མོ་རྫོང་གཉེན་མ་ལུ་ གསོལ་མཆོད་ཕུལ་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷ་མོ་དུར་གའི་ གསོལ་མཆོད་ཕུལ་སར་ ཐུགས་སྨོན་གནང་པའི་བསྒང་།

ལྷ་མོ་དུར་ག་དེ་གི་ སྤྲུལ་པ་གཞན་ཡང་ མ་ཧཱ་ཀ་ལི་དང་ མ་ཧཱ་ས་ར་ས་ཝ་ཏི་ མ་ཧཱ་ལཱཆ་མི་ཟེར་མི་ཡང་ བརྩི་སྲོལ་ཡོདཔ་ཨིན་པས།

ཧིན་དུའི་ལོ་རྒྱུས་ ར་མ་ཡ་ན་ཟེར་མིའི་ ནང་ལས་འབད་བ་ཅིན་ རྒྱལཔོ་ར་མ་ཅཱན་ད་ར་གིས་ ཉིན་གྲངས་༩ གི་རིང་ ལྷ་མོ་དུར་ག་ལུ་ གསོལ་མཆོད་ཕུལ་ཏེ་ གསོལ་བ་བཏབ་པའི་ཤུལ་ལུ་ ཉིནམ་༡༠ ལུ་ མཆོད་ཁང་ནང་ལས་ ཊི་ཀ་བཞེས་ཏེ་ སོང་ཞིནམ་ལས་ བདུད་རྒྱལ་ར་ཝ་ན་ལས་ རྒྱལ་ཁ་ཐོབ་པའི་ དུས་དྲན་སྦེ་ བརྩི་སྲུང་འབདཝ་བཞིན་དུ་ དཱ་ས་ཡེན་དུས་སྟོན་དེ བཟང་པོ་གིས་ ངན་པ་ཕམ་བཏང་པའི་ རྟགས་མཚན་ཅིག་ཨིན་པས།

ཊི་ཀ་དེ་ ལྷ་མོ་དུར་ག་ལུ་ ཞི་བདེ་དང་ དགའ་སྐྱིད་ དཔལ་ཡོན་ཕུན་སུམ་ཚོགས་ཏོག་ཏོ་ འབྱུང་ཐབས་ལུ་ཕུལ་བའི་ གསོལ་མཆོད་ཨིནམ་ད་ ཊི་ཀ་དེ་ཡང་ ཆུམ་དང་ ཞོ་ ཕྱེ་དམར་མདོག་ཅན་སླ་བསྲེས་པའི་ སྐྱོ་མ་དེ་ ལྷ་མོ་དུར་གའི་ བྱིན་རླབས་དང་ དངོས་གྲུབ་ཐོབ་པའི་ཚུལ་སྦེ་ མི་ཚུ་གི་དཔྱལཝ་གུ་ སྦྱརཝ་ཨིན་པས།

འདི་འབདཝ་ལས་ ཊི་ཀའི་དུས་སྟོན་སྐབས་ རྒན་རྒས་དང་ ཕམ་ཚུ་གིས་ བཟའ་ཚང་ཚུ་ལུ་ ལྷ་མོ་དུར་ག་གིས་ དངོས་གྲུབ་དང་ སྐྱབས་མགོན་མཛདཔ་ཨིན་ཟེར་ རང་སོའི་ཨ་ལོ་དང་ ན་ཆུང་ཚུ་གི་དཔྱལཝ་གུ་ ཊི་ཀ་སྦྱར་བྱིནམ་ཨིན་པས།

གླིང་ཀ་ན་ཕོ་བྲང་ནང་ དུས་སྟོན་བརྩི་སྲུང་ཞུཝ་ད་ ལག་ལེན་འཐབ་མི་ ཊི་ཀ་དེ་ ལྷ་མོ་རྫོང་གཉེན་མའི་ གསོལ་མཆོད་ནང་ལས་ བྱིན་རླབས་ཞུགས་ཞུགསཔ་ཨིནམ་ད་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་མཆོག་ལས་ ཊི་ཀའི་བྱིན་རླབས་ཞུ་བའི་ཤུལ་ལུ་ ཊི་ཀ་ཆ་ཤས་ཅིག་ ཧིན་དུའི་ལྷ་ཁང་བརྒྱུད་དེ་ བགོ་བཀྲམ་འབད་དེ་ ཧིན་དུའི་བཟའ་ཚང་ཚུ་གི་ཁྱིམ་ནང་ ཊི་ཀའི་དུས་སྟོན་བརྩི་སྲུང་འབད་སར་ ལག་ལེན་འཐབ་ཡོདཔ་ཨིན་པས།

དམིགས་བསལ་གྱི་ དུས་སྟོན་བརྩི་སྲུང་ལས་རིམ་དེ་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ གཞུང་གི་ཆེ་མཐོའི་དཔོན་ཁག་གཞན་ཚུ་གིས་ཡང་ བཅའ་མར་གཏོགས་གནང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *