མི་དབང་མཆོག་གིས་ སའི་སྐྱིད་སྡུག་གནང་མི་ལུ་བརྟེན་ འཚོ་བའི་གནས་སྟངས་ ཡར་དྲག་སོང་ཡོདཔ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཧཱ་རྫོང་ཁག་གི་ མཐའ་ཟུར་གྱི་མི་ཚུ་ལུ་ སའི་སྐྱིད་སྡུག་གནང་མི་དེ་གིས་ ཁོང་གི་མི་ཚེ་སྐྱིད་ཉམས་སྐྱོང་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་མ་ཚད་ མི་སྡེ་ནང་ ཞི་བདེ་དང་དགའ་སྐྱིད་ དེ་ལས་ གཅིག་གིས་གཅིག་ལུ་ བརྩེ་སེམས་དང་གཅེས་སྐྱོང་འབད་ནི་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་འདུག།

མི་དབང་མཆོག་གིས་ ཧཱ་གི་ མཐའ་ཟུར་གཡུས་ཚན་༤ ལས་ ཁྱིམ་གུང་༦༨ ལུ་ ས་གནས་སྦིཔ་སྦྱིས་ཟེར་ས་ལུ་ ཁྱིམ་གུང་རེ་ལུ་ ས་ཆ་ཨེ་ཀར་༢ དང་༣ གྱི་བར་ན་ སྐྱིད་སྡུག་གནང་ཡོདཔ་ད་ དེ་ལུ་བརྟེན་ ཁོང་གི་མི་ཚེ་ ལེགས་བསྒྱུར་འབད་ཚུགས་མི་དེ་ཡང་ ཁོང་ལུ་ ས་ཆ་རྒྱ་སྦོམ་ཡོདཔ་མ་ཚད་ གཞི་རྟེན་མཁོ་ཆས་ འཁོར་ལམ་དང་ འཐུང་ཆུ་ སྡོད་ཁྱིམ་ གསོ་བ་དང་ཤེས་རིག་ གློག་མེ་ལ་སོགས་པ་ཚུ་ རིན་མེད་སྟོང་པར་ གནང་ནི་དེ་གིས་ཨིན་པས།

ཧེ་མ་ སའི་སྐྱིད་སྡུག་དེ་ བསམ་རྩེ་རྫོང་ཁག་གི་འོག་ལུ་ཨིན་མི་ སའི་ལྗོངས་གཡུས་ཚན་གྱི་ ཁྱིམ་གུང་པ་༢༠ དང་ དགའ་སྐྱིད་གླིང་རྒེད་འོག་ ཐང་རྡོ་ཁའི་ཁྱིམ་གུང་༣༠ དང་ རྟ་རྔ་གཡུས་ཚན་གྱི་ཁྱིམ་གུང་༤ དེ་ལས་ གསང་སྦས་ཁ་གཡུས་ཚན་གྱི་ ཁྱིམ་གུང་པ་༨ ལུ་ གནང་ཡོདཔ་ད་ ད་རེས་ གཞིས་གསར་ལས་རིམ་ཐོག་ལས་ སྦིཔ་སྦྱིས་ལུ་སྡོད་མི་༥༧༦ ལྷགཔ་ཅིག་ ཡོདཔ་ཨིན་པས།

སའི་སྐྱིད་སྡུག་དེ་ ས་ཆ་རྩ་ལས་མེད་མི་ ཁྱིམ་གུང་པ་༡༥ དང་ མཐའ་ཟུར་གྱི་ ཁྱིམ་གུང་པ་༥༦༣ ལུ་ གནང་ཡོདཔ་ད་ ཁོང་གི་གྲས་ལས་ སའི་ལྗོངས་གཡུས་ཚན་ལས་ སྐྱེས་ལོ་༥༠ ལང་མི་ བིར་བྷ་དུར་རའི་གིས་ སླབ་མིའི་ནང་ ཁོ་ར་ ལོ་༢ དེ་ཅིག་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟན་སྨན་ཁང་ནང་ ནད་པའི་ལཱ་གཡོག་འབད་མི་སྦེ་ སྡོད་པའི་སྐབས་ འཚོ་བ་སྐྱོང་མ་ཚུགས་པའི་དཀའ་ངལ་ཐོན་ཏེ་ ལོག་གཡུས་ཁར་ འོང་བའི་ཤུལ་ལུ་ མི་དབང་མཆོག་གིས་ སའི་སྐྱིད་སྡུག་གནང་སྟེ་ ད་རེས་ མི་ཚེ་ལེགས་ཤོམ་སྦེ་ སྐྱོང་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སའི་ལྗོངས་དེ་ བསམ་རྩེ་རྡོ་རོ་ཁ་ལས་ རྐང་སྟོང་འབད་ ཆུ་ཚོད་༧ ལྷགཔ་ཅིག་ འགྱོ་དགོ་པའི་ས་ཁར་འབདཝ་ལས་ ས་ཁར་ལས་ ལོ་ཐོག་དུམ་གྲ་རེ་ཐོན་མི་ཚུ་ཡང་ བཙོང་མ་ཚུགས་ནི་དེ་གིས་ དངུལ་ཕོངས་ཀྱི་ དཀའ་ངལ་ནང་སྡོད་མི་དེ་ ད་རེས་ ཞིང་ཁམས་བཟུམ་ཅིག་ལུ་ ལྷོད་ཅི་ཟེར་ཨིན་པས།

མི་དབང་མཆོག་གིས་ ས་ཆ་ཨེ་ཀར་༢.༨༣ གནང་མི་དེ་ནང་ ཨ་ལཱན་ཅི་འཛུགས་སྐྱོང་འབད་ཡོདཔ་ལས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༥༠༠,༠༠༠ ལྷགཔ་ཅིག་ བཟོ་ཚུགས་དོ་ཡོདཔ་མ་ཚད་ ཚོད་བསྲེའི་ལཱ་འབད་ནི་དེ་གིས་ ཕན་ཐོགས་སྦོམ་བྱུང་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ མི་དབང་མཆོག་གིས་ དེ་བཟུམ་གྱི་སྐྱིད་སྡུག་གནང་མི་དེ་ ཕམ་གིས་ བུ་གཞི་ཚུ་ལུ་ཡང་ འབད་མི་མེདཔ་ལས་ ཨ་རྟག་ར་ མི་དབང་མཆོག་ལུ་ བཀྲིན་བསམ་དོ་ཟེར་ཨིན་པས།

དེ་བཟུམ་སྦེ་ ལོ་༧ གྱི་རིང་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནད་པའི་ལཱ་འབད་སྡོད་མི་ སྐྱེས་ལོ་༣༦ ལང་མི་ པན་ཅ་མཱན་རའི་གིས་ སླབ་མིའི་ནང་ ཁོ་གིས་ ནདཔ་གི་ལཱ་གཡོག་འབད་བའི་སྐབས་ ཟླ་རིམ་བཞིན་དུ་ དངུལ་ཕོགས་དངུལ་ཀྲམ་༨,༠༠༠ ལས་བརྒལ་ ཐོབ་ནི་མེད་མི་ལས་ དངུལ་ཀྲམ་༥,༠༠༠ ཁང་གླ་སྤྲོད་པའི་སྐབས་ བཟའ་འཐུང་མ་ལང་པའི་ དཀའ་ངལ་སྦོམ་ཐོན་མི་དེ་ ད་རེས་ མི་དབང་མཆོག་གིས་ ས་ཆ་ཨེ་ཀར་༣.༡༣ སྐྱིད་སྡུག་གནང་མིའི་ནང་ ཨ་ལཱན་ཅི་བཙུགས་མི་དེ་གིས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༣༠༠,༠༠༠ ལྷགཔ་རེ་ ཐོབ་སྟེ་ཡོད་ཟེར་ཨིན་པས།

དེའི་ནང་དོན་ཉིད་ལས་ འཁོར་ལམ་ཡང་ ཁྱིམ་གྱི་རྩ་བར་ལྷོད་ནི་དེ་གིས་ ཧེ་མ་བཟུམ་སྦེ་ དངུལ་ཐོག་གི་རིགས་ སྒལ་ཏོག་གུ་འབག་སྟེ་ གཏེར་མགོ་ལ་བརྒལ་དགོཔ་ མི་ཐོན་དོ་ཡོདཔ་ལས་ མི་ཚེ་ལེགས་ཤོམ་སྦེ་ སྐྱོང་ཚུགས་ནི་དེ་གིས་ མི་དབང་མཆོག་ལུ་ ཚེ་ཕྱི་མ་ཡང་ བརྗེད་མ་ཚུགས་པའི་ བཀྲིན་དགའ་ཚོར་ཕུལ་དོ་ཟེར་ཨིན་པས།

ད་རེས་ སྦིཔ་སྦྱིས་ཀྱི་མི་ཚུ་ སྐྱིད་ཉམས་སྐྱོང་སྟེ་ སྡོད་དོ་ཡོདཔ་མ་ཚད་ གཅིག་གིས་གཅིག་ལུ་ བརྩེ་གདུང་དང་ གཅེས་སེམས་བསྐྱེད་དེ་ མཐུན་ཏོག་ཏོ་སྦེ་ སྡོད་སར་མཐོང་དོ་ཡོདཔ་ད་ སྐྱེས་ལོ་༥༢ ལང་མི་ ཧར་ཀ་བྷ་དུར་རའི་གིས་ སླབ་མིའི་ནང་ མི་དབང་མཆོག་གི་ བཀྲིན་ལུ་བརྟེན་ མི་ཚུ་གཞིས་གསར་ནང་ལྷོད་དེ་ གཅིག་གིས་གཅིག་ ངོ་ཤེས་ཚུགས་ནི་དེ་གིས་ གནམ་མེད་ས་མེད་ ལེགས་ཤོམ་སོང་ཡི་ཟེར་ཨིན་པས།

ཧེ་མ་ སའི་ལྗོངས་ཀྱི་མི་ཚུ་ ཁྲོམ་ཁར་ལས་ཕར་ ཁ་གཏོར་འགྱོ་བའི་སྐབས་ གཅིག་གིས་གཅིག་ལུ་ ངོ་མ་ཤེས་པར་ ཉེ་ཚན་ནང་ན་ཡང་ གཉེན་རྐྱབ་ནིའི་ ཉེན་ཁ་བྱུང་ཡོད་མི་དེ་ ད་རེས་ གཞིས་གསར་གནང་མི་ལུ་བརྟེན་ ཧེ་མ་ བརྗེད་སོ་མི་ཚུ་ཡང་ ལོག་འཛོམས་ཐོག་ལས་ ངོ་ཤེས་ཚུགས་ནི་དེ་གིས་ ལེགས་ཤོམ་སོང་ཡི་ཟེར་ཨིན་པས།

མི་དབང་མཆོག་གིས་ སའི་སྐྱིད་སྡུག་མ་ཚད་ རང་སོའི་གཡུས་ཚན་ལས་ སྦིཔ་སྦྱིས་ལུ་ གཞིས་གསར་འོང་བའི་སྐབས་ ཁྱིམ་གུང་རེ་ལུ་ ཉིན་འཐུས་དངུལ་ཀྲམ་༡༨,༠༠༠ དང་ གཞི་ཆགས་འཐུས་ ཁྱིམ་གུང་རེ་ལུ་ དངུལ་ཀྲམ་༥༠,༠༠༠ རེ་ ཁྱིམ་བཟོ་སྐྲུན་ཅ་ཆས་ ཁྱིམ་གུང་པ་རེ་ལུ་ ལྕགས་ཤོག་ལེབ་༦༠ དང་ ཤིང་ཆས་སི་ཨེཕ་ཊི་༥༠༥ རེ་ དེ་ལས་ རྡོ་གནང་མི་ལུ་བརྟེན་ ཁོང་གུང་པ་༦༨ ག་ར་གིས་ ཁྱིམ་རྐྱབ་ཚུགས་ནུག།

གཞན་ཡང་ ཟླཝ་༦ གི་རིང་ ལྟོ་རྒྱགས་ཟླཝ་རེ་ལུ་ མི་རེ་ལུ་ ཆུམ་ཀེ་ཇི་༢༠ དང་ མི་༧ བསྡོམས་ཏེ་ མར་ཁུ་ལི་ཊར་རེ་ མི་༥ བསྡོམས་ཏེ་ དལ་ཀེ་ཇི་༣ དེ་ལས་ སོ་ནམ་འཕྲུལ་ཆས་དང་བཟོ་ཆས་ སྟ་རེ་ཚུ་ཡང་གནང་ཡོདཔ་ད་ དེའི་ཤུལ་ལས་ འཐུང་ཆུ་དང་གློག་མེ་ གསོ་བ་དང་ཤེས་རིག་ལ་སོགས་པའི་ མཐུན་རྐྱེན་ཚུ་ གནང་ནུག།

མི་དབང་མཆོག་གིས་ སྦིཔ་སྦྱིས་ལུ་ ཁྱིམ་གུང་པ་༦༨ ལུ་ ཡོངས་བསྡོམས་ས་ཆ་ཨེ་ཀར་༡༨༥.༠༢ གནང་ས་ལས་ སྐམ་ཞིང་ཨེ་ཀར་༡༥༡.༠༢ དང་ ཁྱིམ་ས་ཨེ་ཀར་༣༤ གནང་ཡོདཔ་ད་ དེ་བཟུམ་སྦེ་ སའི་སྐྱིད་སྡུག་དེ་ པདྨ་དགའ་ཚལ་དང་ ལྷུན་རྩེ་ དེ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ མི་ཚུ་ལུ་ཡང་ གནང་ནུག།

པདྨ་དགའ་ཚལ་ ཁྱི་ནང་དྭངས་ལུ་ ས་ཆ་ཨེ་ཀར་༡༢༤.༣༦ དང་ ངང་ལམ་ བོ་རང་མོ་ལུ་ ས་ཆ་ཨེ་ཀར་༡༢༧.༣༢ ལྷུན་རྩེ་ལུ་ གནས་ལུ་ ཨེ་ཀར་༡༤༦.༩༩ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་དང་ཇོ་མོ་གཙང་ཁ་ལུ་ ཨེ་ཀར་༧༡.༩༨ དེ་ལས་ སྦིཔ་སྦྱིས་བརྩིསཝ་དང་ ཡོངས་བསྡོམས་ ས་ཆཨེ་ཀར་༦༥༥.༦༧ གནང་ཡོདཔ་ཨིན་པས།

སའི་སྐྱིད་སྡུག་དེ་ ས་མེད་མི་དང་ འཚོ་བ་ངོ་མ་ སོ་ནམ་ལུ་བརྟེན་སྡོད་མི་ འཚོ་བའི་གནས་སྟངས་སྐྱོ་དྲགས་འབད་མི་ དེ་ལས་ འཐུང་ཆུ་དང་གློག་མེ་ དེ་ལས་ འཁོར་ལམ་གྱི་མཐུན་རྐྱེན་ མེད་མི་ཚུ་ལུ་ གནང་ཡོདཔ་ད་ སྦིཔ་སྦྱིས་ལུ་ སའི་སྐྱིད་སྡུག་གནང་ཐོག་ལས་ མི་ཚེ་བདེ་ཉམས་སྐྱོང་ནིའི་ ལས་རིམ་དེ་ སྤྱི་ལོ་༢༠༡༠ ལས་ འགོ་བཙུགས་ཡོདཔ་ ཨིན་པའི་གནས་ཚུལ།

ཧཱ་ལས་ བསྟན་འཛིན་རྣམ་རྒྱལ་དང་ ཚེ་རིང་དཔལ་ལྡན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *