མི་དབང་མཆོག་ ཨའི་ནར་ཀེ་པི་ནིསི་དང་ ཝར་ནར་ཀུ་ཝི་ནི་དང་ ལྷན་བཞུགས།

མི་དབང་མཆོག་གིས་ རྒྱལ་ཡོངས་གཟེངས་ཐོན་གྱི་ རྟགས་མ་ཚུ་གནང་ཡོདཔ།

༉ ཁ་ཙ་ ཧཱ་ལུ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༠ པ་ བརྩི་སྲུང་ཞུ་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་མི་༡༤ དང་ རྒྱལ་སྤྱིའི་མི་༤ ལུ་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ་དང་ སྤྱི་གཡོགཔ་༣༠ ལུ་ དངུལ་གྱི་རྟགས་མ་ དེ་ལས་ སྤྱི་གཡོགཔ་༣༨ ལུ་ ལི་གི་རྟགས་མ་གནང་ཡི།
དེ་ཡང་ གསོ་བའི་ལྷན་ཁག་ལས་ ལས་བྱེདཔ་༤༧ ལུ་ རྒྱལ་ཡོངས་གཟེངས་ཐོན་རྟགས་མ་གྲས་ཁར་ ལས་བྱེདཔ་༥ ལུ་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ་དང་ མི་ངོ་༢༠ ལུ་ རྒྱལ་ཡོངས་གཟེངས་ཐོན་ དངུལ་གྱི་རྟགས་མ་ དེ་ལས་ ལས་བྱེདཔ་༢༢ ལུ་ རྒྱལ་ཡོངས་གཟེངས་ཐོན་ ལི་གི་རྟགས་མ་གནང་ཡི།
ཁོང་གི་གྲས་ཁར་ ཌོག་ཊར་དང་ སྨན་གཡོགམོ་ གསོ་བའི་ལས་རོགསཔ་ དེ་ལས་ ནད་པའི་སྣུམ་འཁོར་དེད་གཡོགཔ་ཚུ་ཡང་ཡོདཔ་ད་ ཁོང་གིས་ གསོ་བའི་ཞབས་ཏོག་ མཆོག་ཏུ་གྱུར་པ་སྦེ་ ཞུ་མི་དེ་ལུ་ མི་དབང་མཆོག་གིས་ ངོས་ལེན་གནང་ཡི།
སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ ཞི་གཡོགཔ་༣༤ ལུ་ རྒྱལ་ཡོངས་གཟེངས་ཐོན་རྟགས་མ་གནང་མིའི་གྲས་ལས་ གསེར་གྱི་རྟགས་མ་༨ དང་ དངུལ་གྱི་རྟགས་མ་༡༠ དེ་ལས་ ལྷག་ལུས་༡༦ ལུ་ ལི་གི་རྟགས་མ་གནང་ཡོདཔ་ད་ ཁོང་གི་གྲས་ཁར་ ནགས་ཚལ་དང་གླིང་ཁའི་ གཙོ་འཛིན་འགོ་དཔོན་དང་ འགོ་དཔོན་གོངམ་ དེ་ལས་ སྤྱིར་བཏང་གནས་ཚལ་ལས་བྱེདཔ་ཚུ་ཡོདཔ་ཨིན་པས།
དེ་ལས་ འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་གྱི་ རྒྱལ་ཁབ་ཀྱི་ངོ་ཚབ་ བདེ་ཆེན་རྡོ་རྗེ་ལུ་ རྒྱལ་ཡོངས་གཟེང་ཐོན་གསེར་གྱི་རྟགས་མ་གནང་ཡོདཔ་ད་ ཁོ་གིས་ རང་བཞིན་གནས་སྟངས་ སྲུང་སྐྱོབ་ཀྱི་དོན་ལུ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ལཱ་འབད་དོ་ཡོདཔ་ཨིན་པས།

མི་དབང་མཆོག་ བདེ་ཆེན་རྡོ་རྗེ་དང་ ཕ་རཱན་ཀོས་པོ་མ་རེཊ་དང་ མའི་ཀཱལ་ རུཊ་ལེནཌི་དང་ལྷན་བཞུགས།

སྐྱེས་ལོ་༤༥ ལང་མི་ བདེ་ཆེན་རྡོ་རྗེ་གིས་ ཡུན་བརྟན་རང་བཞིན་གནས་སྟངས་གོང་འཕེལ་གྱི་དོན་ལུ་ ལཱ་འབད་དོ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ ཁོ་གིས་ ལས་རིམ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༢,༨༠༠ དེ་ཅིག་ འཛིན་སྐྱོང་འབད་དེ་ རང་བཞིན་གནས་སྟངས་སྲུང་སྐྱོབ་འབད་ནི་ལུ་ ཕན་ཐོགས་སྦོམ་འབྱུང་ནི་ཨིནམ་ད་ ཁོ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཕྱག་སྒརཔ་སྦེ་ཡང་ ཕྱག་ཞུ་ནུག།
རྒྱལ་སྤྱིའི་མི་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ་ཐོབ་མི་ཚུ་ལས་ བཀྲིས་སྒང་ མཁའ་གླིང་མུན་གསལ་གླིང་སློབ་གྲྭའི་ དབུ་འཛིན་དང་པ་ ཨེའི་ནར་ ཀེ་པི་ནིསི་དང་ ཧེལ་བི་ཏཱསི་ལས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཝར་ནར་ཀུ་ལིང་ རྒྱལ་ཁབ་ནང་ ཡུ་ཀེ་གཞུང་ཚབ་ཡིག་ཚང་གི་ མེའི་ཀལ་ རུཏ་ལེནཌི་ དེ་ལས་ འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་ལུ་ རྒྱལ་ཁབ་ཀྱི་ངོ་ཚབ་ བདེ་ཆེན་རྡོ་རྗེ་ཨིན་པས།
ཨའི་ནར་ ཀེ་པི་ནིསི་གིས་ རྒྱལ་ཁབ་ནང་ ལོ་༩ དེ་ཅིག་སྡོད་པའི་རིང་ལུ་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་ནང་སོང་སྟེ་ དབང་པོ་སྐྱོན་བྱུང་མི་ཚུ་འཚོལ་ཏེ་ མུན་གསལ་གླིང་སློབ་གྲྭ་ནང་ བཙུགས་ཡོདཔ་མ་ཚད་ ལག་རྩལ་དང་བཟོ་རིག་ དེ་ལས་ ཐགས་འཐག་ནི་ལ་སོགས་པ་ཚུ་ འགོ་བཙུགས་ནུག།
སྐྱེས་ལོ་༧༤ ལང་མི་ ཝར་ནར་གྱིས་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༠༦ ལས་༢༠༠༨ ཚུན་ ཧེལ་བི་ཏཱསི་ལས་ཚོགས་ཀྱི་ གནས་བཞུགས་སྐུ་ཚབ་སྦེ་ ལཱ་འབད་ཡོདཔ་ད་ ཁོ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་དོན་ལུ་ གཞི་རྟེན་མཁོ་ཆས་དང་ ཤེས་རིག་ལུ་ རྒྱབ་སྐྱོར་འབད་ནུག།
སྐྱེས་ལོ་༦༣ ལང་མི་ ཕ་རཱན་ཀོས་པོ་མ་རེཊ་ནོ་སའི་ པོ་ར་མེཊ་གིས་ སྟག་རྩེ་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་དོན་ལུ་ ལེགས་སྦྱར་བ་སྦེ་ ལཱ་འབད་དོ་ཡོདཔ་ད་ མོ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་པའི་མི་ཁུངས་ཡང་ གནང་ཡོདཔ་ཨིན་པས།
སྐྱེས་ལོ་༧༩ ལང་མི་ མའི་ཀཱལ་ རུཊ་ལེནཌི་དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཚན་རིག་དང་རྩིས་ཀྱི་ སྐུ་ཡོན་ཕུལ་མི་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འབྲུག་པའི་མི་ཁུངས་གནང་ཡོདཔ་ཨིན་པའི་གནས་ཚུལ།

ཧཱ་ལས་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *