མི་དབང་མཆོག་གིས་ ཞི་གཡོག་དང་ ཤེས་རིག་ལམ་ལུགས་ ལེགས་བསྒྱུར་གྱི་དོན་ལུ་ བཀའ་ཤོག་གནང་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུཝ་དང་འབྲེལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ ཤེས་རིག་ལྷན་ཁག་ལུ་ དེ་འཕྲོ་ལས་ ལས་འབྲེལ་ལམ་ལུགས་རྒྱ་ཆེཝ་སྦེ་ ལེགས་བསྒྱུར་འབད་ནི་ འགོ་བཙུགས་དགོ་པའི་ བཀའ་ཤོག་ཚུ་གནང་ནུག།

ཞི་གཡོག་གཞི་བསྒྱུར།

མི་དབང་མཆོག་གིས་ རྒྱལ་ཁབ་ཀྱི་ གཙུག་སྡེ་ཚུ་གི་གྲས་ལས་ རྩ་ཆེ་ཤོས་ར་ ཞི་གཡོག་གི་ གཙུག་སྡེ་ཨིན་རུང་ སྟབས་མ་བདེཝ་ གྱངས་ཁ་མ་ཆོདཔ་སྦེ་འདུག་ཟེར་ གསུངས་པའི་ཁར་ ད་ཚུན་གྱི་བར་ན་ ནད་ཡམས་ལུ་ གདོང་ལེན་འབདཝ་ད་ ཤེས་མྱོང་ལེ་ཤ་ཐོབ་ཡོདཔ་ལས་ འབྲུག་གིས་ འདི་བཟུམ་མའི་ གོ་སྐབས་བཟང་པོ་ཚུ་ འཕྲོ་བརླག་གཏང་ནི་མི་འོང་ཟེར་གསུངས་ཡི།

ད་ལས་ཕར་ གདོང་ཁའི་ལམ་གཅིག་ལས་བརྒལ་མེད་མི་བདའ་སྟེ་འགྱོཝ་ད་ འཐུས་ཤོར་ནིའི་ ས་གོ་ཡང་མེདཔ་མ་ཚད་ རྒྱལ་ཁབ་ཀྱི་ ཕྱག་ལཱ་ག་ཅི་ར་མཛད་རུང་ འགོ་བཙུགས་སའི་ ས་གོ་ཅིག་ ཡོད་མི་དེ་ལུ་ དམིགས་པ་བསྐྱེད་དགོ་ཟེར་ མི་དབང་མཆོག་གིས་ གསུངས་པའི་ཁར་ ཞི་གཡོག་གི་སྒྲིག་གཞི་དང་ མ་འོངས་པའི་ལམ་ འགན་ཁུར་ གནས་སྟངས་ཚུ་ རྟགས་མ་མཐུནམ་ དེ་ལས་ ཞི་གཡོགཔ་ཚུ་གིས་ འཐུས་ཤོར་སོ་པ་ཅིན་ བསྐྱལ་ས་སྦོམ་བསྐྱལ་ནི་དང་ འཐུས་མ་ཤོར་བ་ཅིན་ རྒྱལ་ཁབ་ལུ་ ཕན་ཐོགས་ནི་ཨིནམ་ལས་ ཕྱག་ཞུཝ་ད་ དྲནམ་བཏོན་ཏེ་ ན་འཐན་འབད་དགོཔ་སྦེ་ གསུངས་ཡི།

མི་དབང་མཆོག་གིས་ གསུངས་མིའི་ནང་ འཐུས་དུམ་གྲ་ཅིག་ ཤོར་སོ་རུང་ ཡང་ཅིན་ ལཱ་ཆུང་ཀུ་ཅིག་ འཛོལ་སོ་རུང་ རྒྱལ་ཁབ་ལུ་ གནོད་ཉེན་སྦོམ་བཀལ་ནི་ཨིནམ་ལས་ རྒྱལ་ཁབ་སྦོམ་དང་ ཆུང་ཀུའི་བར་ན་ ཁྱད་པར་ཡོད་ཟེར་ཨིནམ་ད་ རྒྱལ་ཁབ་སྦོམ་ཚུ་ནང་ ག་དེ་སྦེ་སླབ་རུང་ རྒྱུ་སྟོབས་དང་ མི་སྟོབས་ལུ་ བློ་གཏད་ཚུགསཔ་ཨིན་རུང་ རྒྱལ་ཁབ་ཆུང་ཀུ་ནང་ བློ་གཏད་ནི་ཡོད་རུང་མེད་རུང་ རང་གི་རིག་པ་དང་ ལྕོགས་གྲུབ་ རྩལ་ལག་དེ་ཨིནམ་ལས་ འཆར་གཞི་དང་ སྲིད་བྱུས་ག་ཅི་ར་བརྩམ་རུང་ ཚ་ངེར་བཏོན་ཏེ་ བརྩམ་དགོཔ་བཞིན་དུ་ ལག་ལེན་འཐབ་ད་ འགྱོ་བཏུབ་པ་ཅིན་ བཞག་ནི་དང་ འགྱོ་མ་བཏུབ་པ་ཅིན་ སོར་གཏང་དགོ་ཟེར་ཨིན་པས།

རྒྱལ་པོའི་བཀའ་ཤོག་གནང་མི་དེ་ ཞི་གཡོག་དང་ ཡང་ཅིན་ ཞི་གཡོགཔ་ཚུ་གི་ མནོ་དོན་འགྲུབ་ནི་དང་ ཕན་ཐོགས་འབྱུང་ནིའི་དོན་ལུ་རྐྱངམ་གཅིག་མེན་པར་ ཞི་གཡོག་གཞི་བསྒྱུར་ཐོག་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ནི་དང་ མ་འོངས་པའི་ རེ་དོན་ཚུ་ འགྲུབ་ཐབས་ལུ་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་ཡི།

རྒྱལ་ཁབ་ཆུང་ཀུ་འདི་ནང་ ཞི་གཡོགཔ་སྒྲིང་སྒྲི་དང་ འགན་ཁུར་ཐེབས་འབག་ཚུགསཔ་ དགོ་པའི་ཁར་ ནམ་ར་འབད་རུང་ འཐུས་མ་ཤོརཝ་འབད་དགོཔ་དང་ མ་འོངས་པ་ལུ་ ཕྱག་ཞུ་ཚུགསཔ་ དགོཔ་བཞིན་དུ་ དེ་ཚུ་ སེམས་ཁར་བཞག་ཞིནམ་ལས་ ཞི་གཡོག་ལེགས་བཅོས་ཀྱི་ ལཱ་ཚུ་འབདཝ་ད་ ཁྲིམས་དང་ བྱ་སྒོའི་ལམ་ལུགས་ འགན་ཁུར་ དེ་ལས་ སྒྲིག་གཞི་ཚུ་ རྩ་བ་ལས་གསརཔ་ བཟོ་དགོ་པའི་ བཀའ་སློབ་གནང་ཡི།

ཤེས་རིག་གཞི་བསྒྱུར།

མ་འོངས་པའི་ ཕྱག་ལཱ་དེ་ འགོ་བཙུགས་ས་ར་ སློབ་གྲྭ་ནང་ལས་ཨིནམ་ལས་ སློབ་གྲྭ་གིས་ འཐུས་ཤོར་སོ་པ་ཅིན་ བསྐྱལ་ས་སྦོམ་སྦེ་ བསྐྱལ་ནི་ཨིནམ་ད་ སློབ་གྲྭ་གིས་ འཐུས་མ་ཤོར་བ་ཅིན་ ན་གཞོན་དང་ མི་སེར་ རྒྱལ་ཁབ་ལུ་ ཕན་ཐོགསཔ་མ་ཚད་ མ་འོངས་པ་ལུ་ ཕན་ཐོགས་ཟེར་ མི་དབང་མཆོག་གིས་ གསུངས་ཡི།

རྒྱལ་ཁབ་ནང་གི་ སློབ་གྲྭ་ཚུ་ གཞི་བཙུགས་འབད་དེ་ ལོ་ལེ་ཤ་ཡར་སོ་རུང་ སློབ་གྲྭ་དང་ སློབ་དཔོན་ དེ་ལས་ སློབ་ཕྲུག་ཚུ་གི་ གྱངས་ཁ་ལུ་ཡང་ གཙོ་བོར་བཏོན་ཏེ་ བར་ན་ལས་ སྤུས་ཚད་མར་ཉམས་ཡར་སོ་ནུག་ཟེར་ མི་དབང་མཆོག་གིས་ གསུངས་པའི་ཁར་ ད་རེས་ འཐུས་ཤོར་སོ་ཡི་ཟེར་ མ་བཞག་པར་ བཅོ་ཁ་རྐྱབ་དགོ་ཟེར་གསུངས་ཡི།

མི་དབང་མཆོག་གིས་ ཤེས་རིག་ལྷན་ཁག་ལུ་ ཤེས་རིག་ལམ་ལུགས་ ལེགས་བསྒྱུར་འབད་དགོ་པའི་ བཀའ་ཤོག་གནང་མི་དེ་ ན་གཞོན་དང་ མི་སེར་ མ་འོངས་པའི་མི་རབས་ དེ་ལས་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་དམིགས་ཏེ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *