མི་དབང་མཆོག་གིས་ བསྐོ་བཞག་ཐོག་ ལེགས་དར་གནང་ཡོདཔ།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཞུང་འབྲེལ་ཐོག་ལས་ བསྐོ་བཞག་གནང་མི་ གསོ་བའི་དྲུང་ཆེན་དང་ ཀུ་ཝེཌ་དང་ ཐའི་ལེནཌ་ལུ་ འབྲུག་གི་གཞུང་ཚབ་གསརཔ་ཚུ་ལུ་ ལེགས་དར་གནང་ཡོདཔ་མ་ཚད་ བསྟན་སྲུང་དྲག་པོའི་དམག་སྡེ་དང་ རྒྱལ་པོའི་སྐུ་སྲུང་དམག་སྡེ་ལས་ འགོ་དཔོན་༡༡ ལུ་ གོ་གནས་ཡར་སེང་གནང་ཡི།

གསོ་བའི་ལྷན་ཁག་ནང་ སྨན་བཅོས་ཞབས་ཏོག་གི་ ཡོངས་ཁྱབ་མདོ་ཆེན་སྦེ་ ཕྱག་ཞུ་མི་ ཌོག་ཊར་པཱན་གྲུབ་ཚེ་རིང་དེ་ གསོ་བའི་དྲུང་ཆེན་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།

དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཞུང་དྲུང་ཆེན་ཚུ་ འོས་ལྡན་ཁྲིམས་དང་སྒྲིག་གཞི་བསྟུན་ གཟེངས་ཐོན་དང་ རྒན་རིམ་ཐོག་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གདམ་འཐུ་འབད་མི་ལུ་ བློན་ཆེན་གྱིས་ རྒྱབ་སྣོན་འབད་དེ་ རྩ་ཁྲིམས་ཆེན་མོ་གི་ རྩ་ཚན་༢.༡༩ འི་དགོངས་དོན་དང་འཁྲིལ་ བསྐོ་བཞག་གནངམ་ཨིན་པས།

རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ནང་ གཟིམ་དཔོན་འོགམ་སྦེ་ ཕྱག་ཞུ་མི་ ཚུལ་ཁྲིམས་བསྟན་འཛིན་དེ་ ཀུ་ཝེཌ་ལུ་ གཞུང་ཚབ་གསརཔ་དང་ ཧཱ་རྫོང་བདག་བགྲེསཔ་ ཀུན་བཟང་རྡོ་རྗེ་དེ་ ཐའེ་ལེནཌ་ལུ་ གཞུང་ཚབ་གསརཔ་སྦེ་ བསྐོ་བཞག་གནང་ནུག།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་རྩ་ཁྲིམས་ཆེན་མོ་གི་ རྩ་ཚན་༢.༡༩ འི་དགོངས་དོན་དང་འཁྲིལ་  རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གདམ་འཐུ་འབད་མི་ལུ་ བློན་ཆེན་གྱིས་རྒྱབ་སྣོན་ཐོག་ གཞུང་ཚབ་ཚུ་ བསྐོ་བཞག་གནངམ་ཨིན་པས།

དེ་བཟུམ་སྦེ་ མི་མངའ་མཆོག་གིས་ བསྟན་སྲུང་དམག་སྡེ་ལས་ འགོ་དཔོན་༩ དང་ རྒྱལ་པོའི་སྐུ་གསུང་དམག་སྡེ་ལས་འགོ་དཔོན་༢ འབདཝ་ད་ བསྡོམས་ཀྱིས་འགོ་དཔོན་༡༡ ལུ་ དམག་སྲིད་འོགམ་ལས་ དམག་སྲིད་ལུ་ གོ་གནས་ཡར་སེང་ གནང་ཡོདཔ་ཨིན་པས།

མི་དབང་མཆོག་ དྲག་པོའི་དམག་སྡེ་གི་ མངོན་མཐོའི་བཀོད་དཔོན་སྤྱི་ཁྱབ་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *