ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ཚོགས་༣ པའི་་ཚོགས་ཐེངས་ལྔ་པ་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།

མི་དབང་མངའ་ཞབས་མཆོག་ དབུ་བཞུགས་ཐོག་ སྤྱི་ཚོགས་༣ པའི་ཚོགས་ཐེངས་ལྔ་པ་ དབུ་འཛུགས་གནང་ཡོདཔ།

༉ ཁ་ཙ་ སྤྱི་ཚོགས་གསུམ་པའི་ཚོགས་ཐེངས་ལྔ་པ་ འགོ་བཙུགས་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་ལྷན་བཞུགས་ཀྱི་ དབུ་བཞུགས་མཛད་གནང་ཡོདཔ་ད་ མི་དབང་རྒྱལ་བཙུན་མཆོག་གིས་ཡང་ རྟེན་འབྲེལ་མཛད་རིམ་ནང་ གྲལ་གཏོགས་གནང་ཡི།

ནད་ཡམས་ཀོ་བིཌ་-༡༩ འི་སྒྲིག་གཞི་ཐོག་ལུ་ འགོ་བཙུགས་གནང་མི་ སྤྱི་ཚོགས་ལྷན་བཞུགས་ནང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ ནད་ཡམས་ཀྱི་ གནད་དོན་ལུ་ གཙོ་བོར་བཏོན་ཏེ་ གསལ་བཤད་གནང་ཡི།

མི་དབང་མངའ་ཞབས་མཆོག་གིས་ ཐུགས་སྙིང་སྟོབས་ཆེ་བའི་ཐོག་ལས་ རྒྱལ་ཁབ་ཀྱི་ ཞི་བདེ་དང་སྲུང་སྐྱོབ་ མི་སེར་གྱི་ དགའ་སྐྱིད་ཡར་དྲག་གཏང་ནིའི་དོན་ལུ་ ཉེན་འཚུབས་ཆེ་བའི་ ས་གོ་ནང་ལས་ཕར་ ནད་ཡམས་ཀྱི་ གནས་སྟངས་དང་ མི་སེར་གྱི་ དཀའ་སྡུག་ཚུ་ སྐུ་དངོས་སུ་སྦེ་ ཞབས་ཀྱིས་བཅགས་ཏེ་ གཟིགས་པར་བྱོན་གནང་མི་དང་ མི་དབང་རྒྱ་བཙུན་མཆོག་དང་ སྐུ་འཁོར་ལྷན་རྒྱས་ཀྱིས་ ཕྱག་ཞུ་སྟེ་ ཆིབས་སྐྱོད་གནང་སྟེ་ མི་སེར་དང་ སློབ་ཕྲུག་ཚུ་དང་ མཇལ་ཕྲད་མཛད་དེ་ ཐུགས་བརྩེ་ཆེ་བའི་བཀའ་སློབ་དང་ ལམ་སྟོན་གནང་མི་ལུ་ སྤྱི་ཚོགས་ཧོངས་ལས་ ཚོགས་དཔོན་གྱིས་ མི་དབང་མཆོག་དང་ སྐུ་འཁོར་ལྷན་རྒྱས་ཡོངས་ལུ་ དགའ་ཚོར་ཕུལ་ཡི།

ཕོ་བྲང་ནང་ བཞུགས་དབང་མེད་པའི་ཁར་ གསོལ་ཚོགས་ཡང་ བཞེས་ལོང་མེད་པར་ རྒྱལ་ཁབ་དང་ མི་སེར་གྱི་ཚ་གྱང་ག་ར མི་དབང་མངའ་བདག་རིན་པོ་ཆེ་ སྐུ་ཉག་གཅིག་གིས་སྣམས་ཏེ་ ནད་ཡམས་སྔོན་འགོག་དང་ ཐབས་ལམ་དང་འབྲེལ་བའི་ གནས་སྟངས་གཟིགས་ཞིབ་དང་འབྲེལ་ ལས་བྱེད་ཚོགས་ཆུང་གི་ འཐུས་མི་དང་ མི་མང་ལུ་ བཀའ་སློབ་དང་ ལམ་སྟོན་ཚུ་ གནང་བཞིན་དུ་ཡོདཔ་ཨིན་ཟེར་ ཚོགས་དཔོན་གྱིས་ཞུ་ཡི།

དེ་མ་ཚད་ ནད་ཡམས་ཀྱི་ནདཔ་དང་ མི་སེར་ཡོངས་ལུ་ སྨན་ཁབ་རིན་མེད་སྟོང་པར་གནང་མི་དེ་ འཛམ་གླིང་ནང་ ཡ་མཚན་ཆེ་བའི་ དབུ་ཁྲིདཔ་བཟང་པོའི་ མཛད་བྱ་ཅིག་ཨིན་པའི་ ཚོར་སྣང་དང་ ཡིད་ཆེས་ཐོག་ལས་ མི་དབང་མཆོག་ལུ་ བཀྲིན་དགའ་ཚོར་ ཕུལཝ་ཨིན་ཟེར་ ཚོགས་དཔོན་གྱིས་ ཞུ་ཡི།

མི་དབང་མཆོག་གིས་ མ་འོངས་སྔོན་དུ་གཟིགས་ཏེ་ ལས་རིམ་དེ་བཟུམ་ གཞི་བཙུགས་གནང་མི་དེ་གིས་ སྤྱིར་བཏང་ཞི་གཡོགཔ་དང་ སྤྱི་གཡོགཔ་ དེ་ལས་ ན་གཞོན་ཚུ་གིས་ བདེ་སྲུང་གི་ ཉམས་མྱོང་དང་ རིག་རྩལ་ཐོབ་པའི་གུ་ དྲག་ཁག་གསུམ་གྱི་ལྷན་ཐབས་སྦེ་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་དང་ ལྷག་པར་དུ་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་དང་ གྲོང་གསེབ་མི་སེར་ཚུ་ལུ་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ཐབས་ལུ་ ཆུའི་ལས་རིམ་ཚུ་ གཞི་བཙུགས་གནང་མི་དེ་གིས་ མི་སེར་ཚུ་ལུ་ སོ་ནམ་གྱི་ ལཱ་འབད་ནི་ལུ་ བློ་སྟོབས་དང་ བརྩོན་ཤུགས་ཐོབ་སྟེ་ ཕན་པ་སྦོམ་བྱུང་སྟེ་འདུག་ཟེར་ཞུ་ཡི།

བློན་ཆེན་བརྒྱུད་དེ་ མི་སེར་ལུ་ བཀའ་ཁྲིམས་སྤེལ་གནང་དོ་བཟུམ་སྦེ་ བྱམས་བརྩེའི་སྒོ་ལས་ ནད་ཡམས་ལུ་བརྟེན་ དཀའ་ངལ་ཐོན་མི་ཚུ་ལུ་ རྒྱལ་པོའི་སྲུང་སྐྱོབ་མ་དངུལ་ཐོག་ལས་ ཟླཝ་༡༥ འི་རིང་ སྐྱིད་སྡུག་འཕྲོ་མཐུད་གནང་མི་ལུ་ འབྲུག་མི་ཚུ་གིས་ མནོ་བསམ་ཐེབས་གཏང་དགོ་པའི་ དུས་ནང་ལྷོད་ནུག་ཟེར་ ཚོགས་དཔོན་གྱིས་བཤད་ཅི།

སྐྱབས་རྗེ་རྗེ་མཁན་མཆོག་གིས་དབུ་གཙོས་ ཆོས་སྡེ་ཁག་གིས་ ནད་ཡམས་བཟློག་ཐབས་དང་ སྨན་ཁབ་བཙུགས་ནིའི་ལས་རིམ་སྐབས་ སྐུ་རིམ་གནང་མི་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ ཚོགས་དཔོན་གྱིས་ ཞུ་བའི་ཁར་ མི་དབང་མཆོག་གི་ བཀའ་སློབ་དང་འཁྲིལ་ གཞུང་གྲྭ་ཚང་གིས་གཙོས་པའི་ གྲྭ་ཚང་ཡོངས་ཀྱིས་ སྐྱབས་རྗེ་མཆོག་ རྡོ་རྗེ་འཆང་གི་ ཁྲི་ཐོག་བྱོན་ཏེ་ ལོ་ངོ་༢༥ འཁོར་བའི་དུས་སྟོན་བརྩི་སྲུང་ལེགས་ཤོམ་སྦེ་ ཞུ་གནང་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།

ཚོགས་དཔོན་གྱིས་ གཞུང་གི་ཁ་ཐུག་ལས་ ནད་ཡམས་སྔོན་འགོག་གི་དོན་ལུ་ སྨན་ཁབ་ཐེངས་དང་པ་དེ་ ལེགས་ཤོམ་སྦེ་ བཙུགས་པའི་ཁར་ དཔེ་སྟོན་རུང་བའི་ ལས་རིམ་ཅིག་ལུ་ གྱུར་ཡོད་མི་ལུ་ ཁྲིམས་བཟོ་ལྷན་སྡེ་ཧོངས་ལས་ གཞུང་ལུ་ བཀྲིན་དགའ་ཚོར་ཡོད་པའི་ཁར་ སྨན་ཁབ་ཐེངས་གཉིས་པ་དེ་ཡང་ ལེགས་ལྡན་ཐོག་ འགོ་འདྲེན་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ཞུ་ཡི།

ད་རུང་ རྒྱ་གཞུང་ལུ་ མི་རློབས་ཐེར་འབུམ་སྦེ་ཡོད་རུང་ ང་བཅས་ལུ་ སྨན་ཁབ་ཐེངས་དང་པའི་དོན་ལུ་ རྒྱབ་སྐྱོར་འབད་མི་ལུ་ དགའ་ཚོར་ཡོད་པའི་ཁར་ རྒྱ་གར་གྱི་ མི་སེར་ཚུ་གི་ ཚེ་སྲོག་ལུ་ བར་ཆད་བྱུང་མི་ལུ་ བློ་ཕམ་དང་ མྱ་ངན་གྱི་སེམས་གསོ་ཡོད་ཟེར་ཞུ་ཡི།

མོང་སྒར་འདེམས་ཁོངས་ཀྱི་ འདེམས་ངོ་བགྲེསཔ་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ དགོངས་ཞུ་འབད་དགོ་མི་དང་ ངང་ལམ་འདེམས་ཁོངས་ཀྱི་འཐུས་མི་ ཆོས་གྲགས་རྒྱ་མཚོ་ལུ་ རྐྱེན་ངན་ལུ་བརྟེན་ ཚེ་ལས་འདས་མི་ལུ་ བློ་ཕམ་ཡོད་ལུགས་ཞུ་ཡི།

ད་རེས་ཀྱི་ ཚོགས་རིམ་ནང་ བཀྲིས་གཡང་རྩེ་ཁམས་དྭངས་-རམ་འཇར་གྱི་ སྤྱི་ཚོགས་ཀྱི་འཐུས་མི་ ཀུན་དགའ་བློ་གྲོས་ཀྱིས་ གྲལ་གཏོགས་འབད་མ་ཚུགས་མི་དེ་ཡང་ ཚུལ་མིན་གྱི་སྒོ་ལས་ འཁོར་ལམ་སེལ་ནིའི་ནང་ འབྲེལ་འཛིན་ཡོད་པའི་ གནད་ལུ་བརྟེན་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ ཡོད་ནི་དེ་གིས་ཨིན་པས།

ཚོགས་ཐེངས་༥ འགོ་བཙུགས་རྟེན་འབྲེལ་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གི་གྲས་ལས་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་མེད་མི་དེ་ཡང་ མོ་ར་ ད་ལྟོ་ ཇེ་ནི་བ་ལུ་ འཛམ་གླིང་གསོ་བའི་འདུ་ཚོགས་ནང་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ཨིན་པས།

ད་རིས་ཀྱི་ཚོགས་རིམ་།

ད་རིས་ རྒྱལ་ཡོངས་ཚོགས་འདུ་ནང་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ རྩིས་ལོ་༢༠༢༡-༢༠༢༢ ཀྱི་ ལོ་བསྟར་འཆར་དངུལ་གསལ་ཞུ་ཕུལ་ནི་ཨིན་པས།

དེ་ལས་ ཚོགས་ཁང་ནང་ གསུང་གྲོས་གནང་ནིའི་ གྲོས་གཞི་གལ་ཅན་ཚུ་གི་གྲས་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་དང་ འབྲུག་གི་ས་གནས་གཞུང་གི་བཅའ་ཡིག་༢༠༢༡ འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་༢༠༢༡ འབྲུག་གི་ཅ་ཁྲལ་དང་ཞབས་ཏོག་ཁྲལ་གྱི་འཕྲི་སྣོན་དཔྱད་ཡིག་༢༠༢༡ འབྲུག་གི་ཅ་དམ་འཕྲི་སྣོན་དཔྱད་ཡིག་༢༠༢༡ དེ་ལས་ འབྲུག་གི་ངན་ལྷད་བཀག་སྡོམ་འཕྲི་སྣོན་དཔྱད་ཡིག་༢༠༡༩ འི་ ལྷག་ཐེངས་༣ པ་ འབད་ནི་ཨིན་པས།

འབྲུག་རྒྱལ་གཞུང་དང་བང་ལ་དེཤ་གཞུང་༢ ཀྱི་བར་ནའི་ ཚོང་ཟོག་ཆིངས་ཡིག་དང་ ངན་ལྷད་ཀྱི་གདོང་ལེན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་མཐུན་གྲོས་གུ་ གྲོས་བསྡུར་གནང་ནི་ཨིན་པས།

དེ་ལས་ སྤྱི་ལོ་༢༠༡༩ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་དང་ གྲོས་ཆོད་དང་ལེན་ཚུ་ལུ་ གྲོས་བསྡུར་གནང་ནི་དང་ དམངས་རྩིས་ཚོགས་ཆུང་གིས་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཁག་ལྔ་དང་ ཚོགས་ཁང་གཉིས་ཀྱི་བར་ན་ མོས་མཐུན་བྱུང་མ་ཚུགས་མི་ འབྲུག་གི་གཏེར་ཁ་དང་གཏེར་མཛོད་༢༠༢༡ ཅན་མ་དང་ འབྲུག་གི་ལྷན་རྒྱས་གཞུང་ཚོགས་ཀྱི་དཔྱད་ཡིག་༢༠༢༠ མའི་སྐོར་ གསུང་གྲོས་གནང་ནི་ཨིན་པས།

ཚོགས་རིམ་༥ དེ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *