མི་དབང་མངའ་ཞབས་མཆོག་གིས་ ཉིནམ་ཁྱད་པར་ཅན་སྦེ་ བརྩི་སྲུང་གནང་ཡོདཔ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༣༨ བཞེས་པའི་ སྐུའི་འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ ཁ་ཙ་དྲོ་པར་ མི་དབང་རྒྱལ་བཙུན་རྣམ་གཉིས་དང་ མི་དབང་རྒྱལ་སྲས་མཆོག་ སྤ་རོ་སྟག་ཚང་ལུ་ ཆིབས་སྐྱོད་གནང་སྟེ་ ཐུགས་སྨོན་གནང་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ནང་པའི་གནས་རྩ་ཆེ་ཤོས་ཅིག་ཨིནམ་སྦེ་ ཆ་བཞག་མི་ སྟག་ཚང་ལྷ་ཁང་དེ་ དུས་རབས་ལེ་ཤ་ཅིག་གི་རིང་ལུ་ ནང་པའི་བླ་ཆེན་དམ་པ་ཚུ་གིས་ བཞེངས་གནང་ཡོདཔ་བཞིན་དུ་ ལྷ་ཁང་བཞེངས་སའི་ བྱ་ཕུག་བྱིན་ཅན་དེ་ནང་ དུས་རབས་༨ པའི་ནང་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་ སྒོམ་སྒྲུབ་གནང་སྟེ་ བཞུགས་ཡོདཔ་ལས་ སྦས་གནས་བྱིན་བརླབས་ཅིག་ཨིན་པས།

ད་རེས་ མི་དབང་རྒྱལ་སྲས་མཆོག་ སྟག་ཚང་ལུ་ བྱོན་མི་དེ་ འགོ་དང་པ་ཨིན་པས།

ཁ་ཙ་ཕྱི་རུ་ཁམས་ཅིག་ཁར་ མི་དབང་མཆོག་གིས་ སྤ་རོ་ཤར་པ་ལུ་ འབྲུག་གི་བསྟན་སྲུང་དམག་སྡེའི་ ཀ་མཱན་ཌོ་བྱང་སེང་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་སྲུང་སྐྱོབ་དམག་མིའི་ནང་ གྲལ་གཏོགས་འབད་ནི་ཨིན་མི་ འབྲུག་གི་སྡེ་ཁག་དང་པའི་གྲངས་སུ་ཚུད་མི་ དམག་མི་དང་ འགོ་དཔོན་ཚུ་དང་གཅིག་ཁར་ དམིགས་བསལ་གྱི་ཉིནམ་སྦེ་ བརྩི་སྲུང་གནང་ནུག།

འབྲུག་གི་དམག་སྡེ་དེ་ འཛམ་གླིང་སྤྱི་ཚོགས་ལས་ ཞི་བདེ་སྲུང་སྐྱོབ་དམག་མིའི་ནང་ གཏང་དགོ་པའི་ བརྡ་བསྐུལ་ཐོབ་སྟེ་ ཉིན་གྲངས་༦༠ གི་ནང་འཁོད་ལུ་ ཞི་བདེ་སྲུང་སྐྱོབ་ས་ཁོངས་ནང་ གཏང་ནི་ལུ་ གྲ་སྒྲིག་སོང་སྟེ་ཡོདཔ་ཨིན་པས།

འབྲུག་གིས་ སྤྱི་ལོ་༢༠༡༤ ལས་ཚུར་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་སྲུང་སྐྱོབ་ལག་ལེན་ནང་ བཅའ་མར་གཏོགས་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ འབྲུག་གི་ ཞི་བདེ་སྲུང་སྐྱོབ་དམག་མི་༨༢ ལྷགཔ་ཅིག་གིས་ འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ས་གོ་ཚུ་ནང་ མཐར་འཁྱོལ་ཅན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།

སྤ་རོ་རྫོང་ཁག་གི་ དམག་མི་བགྲེསཔ་དང་ བདེ་སྲུངཔ་ཚུ་གིས་ཡང་ ཁྱད་པར་ཅན་གྱི་ དུས་སྟོན་བརྩི་སྲུང་ནང་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

མི་དབང་རྒྱལ་བཙུན་རྣམ་གཉིས་ འཛམ་གླིང་སྤྱི་ཚོགས་ལས་ ཞི་བདེ་སྲུང་སྐྱོབ་ཀྱི་དོན་ལུ་ གཏང་དགོ་པའི་ བརྡ་བསྐུལ་ཐོབ་སྟེ་ ཉིན་གྲངས་༦༠ གི་ནང་འཁོད་ལུ་ སྲུང་སྐྱོབ་ས་ཁོངས་ནང་ གཏང་ནི་ལུ་ གྲ་སྒྲིག་ཡོད་མི་ འབྲུག་གི་དམག་སྡེ་དང་པ་དང་ ལྷན་བཞུགས་གནང་པའི་བསྒང་།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *