མི་དབང་མངའ་ཞབས་མཆོག་གིས་ མགར་ས་ལུ་ ཁྱིམ་གུང་༡,༡༥༧ ལུ་ ས་ཆའི་སྐྱིད་སྡུག་གནང་ཡོདཔ།

༉ ས་ཆའི་བྱ་རིམ་ གཞི་བསྒྱུར་གནང་མི་དང་འཁྲིལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་༡༠ པའི་ཚེས་༢༣ ལུ་ མགར་ས་རྫོང་ཁག་གི་ རྒེད་འོག་༤ ལས་ མི་སེར་ལག་ཁྲམ་འཆང་མི་༡,༡༥༧ ལུ་ ས་ཆའི་སྐྱིད་སྡུག་གནང་ཡི།
དེ་ཡང་ ཁེ་ཕན་བྱུང་མི་ མི་སེར་ཚུ་གིས་ ས་ཆ་ཨེ་ཀར་བསྡོམས་༤༣༣.༥༨ མི་དབང་མངའ་ཞབས་མཆོག་ལས་ སྐྱིད་སྡུག་སྦེ་ ཐོབ་ཡོདཔ་མ་ཚད་ ས་ཐེབས་ཀྱི་གོང་ཚད་ དངུལ་ཀྲམ་ས་ཡ་༣.༣༦༨ སྤྲོད་མི་ཚུ་ཡང་ དགོངས་ཡངས་སྦེ་ ལོག་གནང་ཡི།
ད་རེས་ མགར་ས་རྫོང་ཁག་བརྩིས་ཏེ་ ད་ཚུན་གྱི་བར་ན་ རྫོང་ཁག་༡༦ ནང་ སའི་སྐྱིད་སྡུག་ཚུ་ གནང་ཚར་ཏེ་ཡོདཔ་ཨིནཔས།
སྤྱི་ལོ་༢༠༠༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་ལས་རིམ་ཅིག་ འགོ་འདྲེན་འཐབ་དགོ་པའི་ བཀའ་རྒྱ་གནང་མི་དང་བསྟུན་ཏེ་ ས་ཆ་གཞི་བསྒྱུར་འབད་ནིའི་ བྱ་རིམ་འགོ་བཙུགས་ཡོདཔ་ཨིན་པས།
རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ས་འཇལ་གྱི་ལཱ་དེ་ སྤྱི་ལོ་༢༠༠༧ ཟླ་༦ པའི་ནང་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༣ ཟླ་༡༢ པའི་ནང་ མཇུག་བསྡུ་ཡོདཔ་ད་ ལས་རིམ་དེ་གིས་ རྒྱལ་ཁབ་ནང་འཁོད་ལུ་ ས་ཆ་ལག་ལེན་དང་ ས་ཁྲམ་ བདག་དབང་འབད་མི་ཚུ་གི་ དཀའ་ངལ་དང་ ཁྱད་པར་ཚུ་ གསལ་སྟོན་འབད་ནུག།
དེ་བཟུམ་མའི་ དཀའ་ངལ་ཡོད་མི་ཚུ་ མི་དབང་མངའ་ཞབས་མཆོག་ལས་ མི་སེར་ཚུ་གིས་ རང་དབང་གི་ཁྲམ་ནང་མེད་པའི་ རྒྱལ་ཁམས་ཀྱི་ས་ཆ་ ཕ་བརྒྱུད་བུ་བརྒྱུད་སྦེ་ བཟའ་སྤྱོད་འབད་མི་ཚུ་ལུ་ སའི་སྐྱིད་སྡུག་གནང་ཐོག་ལས་ དཀའ་ངལ་ཚུ་ སེལ་གནངམ་ཨིན་པས།
མི་དབང་མཆོག་གིས་ སྤྱི་ལོ་༢༠༡༠ ལས་ཚུར་ རྒྱལ་ཁབ་ཀྱི་ རྒེད་འོག་༡༥༦ གི་ མི་སེར་བསྡོམས་༡༡༣,༦༣༧ ལུ་ ས་ཆ་ཡོངས་བསྡོམས་ཨེ་ཀར་༡༣༢,༠༢༦.༧༣༦ སྐྱིད་སྡུག་གནང་མི་དེ་ཡང་ ལྷུན་རྩེ་དང་ བུམ་ཐང་ མོང་སྒར་ དབང་འདུས་ཕོ་བྲང་ ཧཱ་ དར་དཀར་ནང་ སྤུ་ན་ཁ་ ཀྲོང་གསར་ བཀྲིས་སྒང་ བཀྲིས་གཡང་རྩེ་ གཞལམ་སྒང་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ ཐིམ་ཕུག་ ཆུ་ཁ་ མགར་ས་རྫོང་ཁག་ཚུ་ཨིན་པས།
ད་རུང་ ཁེ་ཕན་བྱུང་མི་ མི་སེར་ཚུ་ལུ་ སའི་སྐྱིད་སྡུག་གིས་མ་ཚད་པར་ རྫོང་ཁག་༡༦ ནང་ ས་ཐེབས་ཀྱི་རིང་གོང་ དངུལ་ཀྲམ་ས་ཡ་༢,༢༠༡.༤༣ དགོངས་ཡངས་གནང་ནུག།
ས་ཆའི་སྐྱིད་སྡུག་གནང་པའི་ རྟེན་འབྲེལ་བརྩི་སྲུང་སྐབས་ རྫོང་ཁག་དང་ རྒེད་འོག་འགོ་དཔོན་ དེ་ལས་ མགར་སའི་མི་སེར་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ མནྡལ་སྐུ་གསུང་ཐུགས་རྟེན་ཕུལ་ཡི།
མི་དབང་མངའ་ཞབས་མཆོག་ ས་ཆའི་མཐོ་ཚད་མི་ཊར་༤,༠༠༠ དེ་ཅིག་འབད་མི་ གླང་མགོ་ཐང་གི་ རི་ཐང་ལུ་ ཆིབས་གྲལ་བཙར་ཏེ་ གདན་འདྲེན་ཞུ་སར་ རྫོང་ཁག་༥ གི་ ས་ཁ་མཐོ་སའི་ མི་སྡེ་དང་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་འོང་མི་ མགྱོནམ་དང་ ལྟ་བཤལཔ་ ལ་བཤལཔ་ཚུ་གིས་ ཕེབས་བསུ་ཞུ་ཡི།
གླང་མགོ་ཐང་ལུ་ རྒྱལ་འཛིན་ས་ཁ་མཐོ་སའི་ དུས་སྟོན་ཐེངས་གཉིས་པ་ བརྩི་སྲུང་ཞུ་བའི་སྐབས་ ཕོ་སྐྱེས་དང་ཨམ་སྲུ་ དེ་ལས་ ཨ་ལོ་ཚུ་བརྩིསཝ་ད་ མི་གྲངས་༡,༥༠༠ དེ་ཅིག་ སྤུངས་འཛོམས་འབད་ཡོདཔ་ད་ དུས་སྟོན་དེ་ནང་ ལ་མཐོ་སའི་མི་སེར་ཚུ་གི་ འཚོ་བའི་གནས་སྟངས་དང་ ལམ་སྲོལ་ལ་སོགས་པ་ཚུ་ གསལ་སྟོན་འབད་ཡི།
དུས་ཅིའི་དུས་སྟོན་སྐབས་ལུ་ ས་གནས་ཀྱི་ མི་སེར་ཚུ་གིས་ ཞུ་བ་འབད་མི་དང་འཁྲིལ་ སྤྱི་འོག་༥ ནང་ལས་ སྐྱེས་ལོ་༦༠ ཡན་ཆད་འབད་མི་ ཨ་རྒས་དང་ ཨང་རྒས་ཚུ་གི་དོན་ལུ་ བང་རྒྱུག་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ལས་ དེ་ཁར་སྤུངས་འཛོམས་འབད་མི་ཚུ་ལུ་ སྤྲོ་བ་སྦོམ་བྱུང་ནུག།
ལས་རིནམ་དང་འབྲེལ་ རྟ་རྒྱུག་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་ནང་ ལ་ཡ་ལས་ སངས་རྒྱས་བསྟན་འཛིན་གྱིས་ ཨང་དང་པ་ཐོན་ཡོདཔ་ད་ རྩེད་རིགས་ལེ་ཤ་ཅིག་ཡོད་མི་ནང་ལས་༡ སྤྱི་འོག་ཚུ་གི་བར་ན་ ཨམ་སྲུ་ཚུ་གི་ ཐགཔ་འཐེན་ནི་གི་ ལས་རིམ་དེ་ཨིན་པས།
དུས་སྟོན་ལས་རིམ་དེ་ནང་ རྒྱ་གར་གྱི་གཞུང་ཚབ་ ཇའི་དིབ་སར་ཀར་དང་ ཡུ་ཨེན་ཌི་པིའི་ གནས་བཞུགས་སྐུ་ཚབ་འོགམ་ ནི་ཡིམ་ ཀུ་ལར་ ཨིསི་མིཊ་ དེ་ལས་ གཞུང་གི་ཆེ་མཐོའི་ འགོ་དཔོན་ཚུ་དང་ ལྟ་བཤལཔ་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *