མི་དབང་མངའ་ཞབས་མཆོག་གིས་ རྩི་རང་ སེམས་ལྗོངས་ཆུའི་ལས་འགུལ་ས་ཁོངས་ནང་ ལས་འགུལ་འཆར་གཞི་རྩམ་མི་དང་ བདེ་སྲུངཔ་ཚུ་དང་ མཇལ་ཕྲད་གནང་པའི་བསྒང།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགུ་མ་དང་ སེམས་ལྗོངས་ལུ་ ཆིབས་སྐྱོད་གནང་ཡོདཔ།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྩི་རང་ལས་ ཐིམ་ཕུག་ལུ་ ལོག་བྱོན་པའི་ལམ་ཁར་ བསྟན་སྐྱོང་གླིང་ལུ་ ཤོ་ཐེངས་༤༤ པའི་ བདེ་སྲུངཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།

རྩི་རང་ལུ་ གཟིགས་སྐོར་གནང་པའི་སྐབས་ སེམས་ལྗོངས་བྲང་རྒས་སྒང་སྤྱི་འོག་གི་ མི་སེར་ཚུ་ལུ་ ཞིང་ཆུ་དང་ འཐུང་ཆུ་བཏོན་ནིའི་དོན་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་སའི་ས་ཁོངས་ནང་ཡང་ ཞབས་བཅགས་གནང་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ སྤྱི་ཟླ་༡ པའི་ཚེས་༡༤ གི་ཕྱི་རུ་ སེམས་ལྗོངས་ལུ་ མ་བྱོན་པའི་ཧེ་མར་ རྩི་རང་གི་ ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ མི་དབང་མཆོག་གིས་ བདེ་སྲུང་གཞི་བཙུགས་ཀྱི་ ཉིནམ་ཐེངས་༡༠ པ་དེ་ཡང་ སེམས་ལྗོངས་ཆུའི་ལས་འགུལ་ས་ཁོངས་ནང་ ལཱ་འབད་མི་ བདེ་སྲུངཔ་ཚུ་དང་གཅིག་ཁར་ བརྩི་སྲུང་ཞུ་སྟེ་ གུང་ཞག་རྒེད་འོག་ནང་ར་ བཞུགས་ཡོདཔ་ཨིན་པས།

སྤྱི་ཟླ་༡༡ པའི་ཚེས་༢༥ ལས་ འགོ་བཙུགས་མི་ སེམས་ལྗོངས་ལས་འགུལ་དེ་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལས་རིམ་འོག་ལུ་ འགོ་འདྲེན་འཐབ་མི་ ཆུའི་མོ་བཏབ་ལས་འགུལ་ ཐེངས་༢ པ་ཨིན་པས།

ས་ཁོངས་དེ་ནང་ རྫོང་ཁག་བཟོ་རིག་འགོ་དཔོན་ཚུ་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་གཅིག་ཁར་ ལཱ་འབད་མི་ བདེ་སྲུངཔ་༤༥ ཡོདཔ་ཨིན་པས།

ལས་འགུལ་དེ་ནང་ ཆུ་རྐ་བདག་འཛིན་འཐབ་ནི་དང་ སྐམ་ཞིང་ནང་ ཆུ་བསྐྱལ་ནིའི་དོན་ལུ་ ཆུ་མཛོད་རྐྱབ་ནི་ ཆུ་དུང་ནང་སྦེ་ ཞིང་ཁར་ཆུ་དཔག་ནི་དང་ གཏོར་ནི་ཚུ་གི་ ཞིང་ཆུ་ཆུང་བའི་འཕྲུལ་རིག་མོ་བཏབ་ དེ་ལས་ ཞིང་ཆུ་ཆུང་བའི་ལམ་ལུགས་ཚུ་ རང་བཞིན་གྱིས་ལཱ་འབད་བཏུབ་བཟོ་ནི་ དེ་ལས་ འཕྲུལ་རིག་ཡར་དྲག་ཐོག་ལས་ ལོ་ཐོག་ཐོན་སྐྱེད་འབད་ནི་ཚུ་ ཚུདཔ་ཨིན་པས།

བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་འོག་གི་ ཆུའི་ལས་འགུལ་དེ་ཡང་ སྤྱི་ལོ་༢༠༢༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ན་གཞོན་ཚུ་གིས་ མ་འོངས་མི་རབས་ཚུ་ལུ་ ཕན་ཐོགས་པའི་ དོན་སྨིན་ཅན་གྱི་ རྒྱལ་ཡོངས་ལས་འགུལ་ཚུ་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་བཟོ་དགོ་པའི་ བཀའ་རྒྱ་གནང་མི་དང་ འཁྲིལ་ཏེ་ཨིན་པས།

དེ་དང་འཁྲིལ་ བདེ་སྲུང་སྦྱོང་བརྡར་ལས་རིམ་ནང་ ཁྱད་རིག་ཅན་གྱི་ ཆུ་འཛིན་སྐྱོང་ཐབས་ཐངས་དེ་ཡང་ བཙུགས་ཡོདཔ་ད་ བདེ་སྲུང་ཤོ་ཐེངས་༤༢ པ་ལས་ འགོ་བཙུགས་མི་ བདེ་སྲུངཔ་ཞོནམ་ཚུ་གིས་ ལས་རིམ་དེ་ནང་ གྲལ་གཏོགས་འབད་ནི་ལུ་ བློ་སྟོབས་བསྐྱེད་ཡོདཔ་ཨིན་པས།

སེམས་ལྗོངས་ལས་འགུལ་ནང་ ལཱ་འབད་སྡོད་མི་ བདེ་སྲུངཔ་ན་ཀུལ་མིཤ་ར་གིས་ སླབ་མིའི་ནང་ ལས་འགུལ་དེ་གིས་ མི་སྡེའི་ནང་ མ་འོངས་མི་རབས་ལུ་ ཞིང་ཆུ་དང་ འཐུང་ཆུའི་སྒོ་ལས་ ཕན་ཐོགས་ནི་ཨིནམ་ལས་ ཁོ་ར་ ལས་འགུལ་དེ་ནང་ ཕྱག་ཞུ་ནི་ཐོབ་མི་ལུ་ དགའ་བ་ཡོད་ཟེར་ཨིན་པས།

དེ་ལུ་བརྟེན་ སོ་ནམ་ཐོན་སྐྱེད་ཚུ་ཡང་ ཡར་དྲག་གཏང་ཚུགས་ནི་དང་ བཞེས་སྒོའི་སྤུས་ཚད་ ཡར་དྲག་ཐོག་ལས་ རྒྱལ་ཁབ་ནང་ བཟའ་འཐུང་གི་ཉེན་སྲུང་བཟོ་ནི་ལུ་ ཕན་ཐོགས་འོང་ཟེར་ཨིན་པས།

གཞན་ཡང་ སྤུ་ན་ཁ་ མགུ་མ་རྒེད་འོག་དང་ མོང་སྒར་ ས་གླིང་རྒེད་འོག་ ཀྲོང་གསར་གྱི་ གླང་མཐིལ་རྒེད་འོག་ དེ་ལས་ ཆུ་ཁ་ དགེ་གླིང་རྒེད་འོག་ཚུ་ནང་འབདཝ་ད་ ཆུའི་མོ་བཏབ་ལས་འགུལ་གཞན་༤ ཡང་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ མགུ་མ་རྒེད་འོག་གི་ ཆུའི་ལས་འགུལ་ས་ཁོངས་ནང་ ལོ་གསར་གྱི་སྐབས་ལུ་ གཟིགས་ཞིབ་གནང་སྟེ་ ས་ཁོངས་ནང་ལཱ་འབད་མི་ བདེ་སྲུངཔ་༧༠ དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།

ཆུའི་ལས་འགུལ་དང་པ་ཨིན་མི་ མགུ་མ་ལས་འགུལ་གྱིས་ ཕུག་གླིང་གསུམ་དང་ ལྕང་ཡུལ་ཐཱ་ར་བཀྲིས་ལྗོངས་ དེ་ལས་ རྡོ་བཅག་རི་རྩ་ཚུ་ནང་སྡོད་མི་ མི་གྲངས་༡,༨༠༠ ལུ་ ཕན་ཐོགས་འབྱུང་ནི་དང་ ཁྱིམ་གུང་༢༥༨ ལུ་ འཐུང་ཆུ་ཚུ་ སྤྲོད་ཚུགས་ནི་ཨིན་པས།

ད་ལྟོ་ བདེ་སྲུངཔ་ཚུ་གིས་ ཆུ་བཙུགས་སའི་ བཟོ་བཀོད་དང་ ཆུ་བཀྲམ་སྤེལ་རྒྱུད་ལམ་༢ དེ་ལས་ ཆུ་མཛོད་ཁག་༢ བཟོ་སྐྲུན་འབད་བའི་བསྒང་ ཡོདཔ་ཨིན་པས།

བདེ་སྲུང་གིས་ དེ་བཟུམ་མའི་ ལས་འགུལ་ཚུ་ རྒྱལ་ཁབ་མཐའ་དབུས་མེདཔ་ཚུ་ནང་ འགོ་འདྲེན་འཐབ་ནིའི་དོན་ལུ་ གཞུང་གི་འབྲེལ་ཡོད་ལས་སྡེ་ཚུ་ནང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དོ་ཡོདཔ་ད་ ད་རུང་ སྤ་རོ་དང་ དར་དཀར་ནང་ དེ་ལས་ པདྨ་དགའ་ཚལ་རྫོང་ཁག་༣ ནང་ཡང་ ལས་འགུལ་རེ་ སྤྱི་ལོ་༢༠༢༡ ཟླ་༣ པ་ལས་འགོ་བཙུགས་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *