ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཀི་ལོ་མི་ཊར་༧༧ འབད་མི་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་གཞུང་ལམ་ འགོ་འབྱེད་མཛད་གནང་ཡོདཔ་ད་ མི་དབང་མཆོག་དང་ ཕྱག་ཞུ་སྟེ་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ བྱོན་གནང་ནུག། ལམ་འགོ་འབྱེད་རྟེན་འབྲེལ་ནང་ བློན་ཆེན་དང་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ནུག། མོང་སྒར་ལུ་ མི་དབང་མཆོག་གིས་ ཞབས་ཏོག་ལྷན་ཁག་གི་ ལོ་བསྟར་འཕྲུལ་རིག་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ ཞི་གཡོགཔ་ཚུ་དང་ཡང་ མཇལ་ཕྲད་གནང་ནུག།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་གཞུང་ལམ་ འགོ་འབྱེད་གནང་ཡོདཔ།

༉ སྐྱེས་ལོ་༤༤ ལང་མི་ སྣུམ་འཁོར་ཌི་སི་ཨེམ་ཊཱག་གི་ཇོ་བདག་ རིན་ཆེན་དབང་འདུས་ལུ་ ནམ་ཡང་བརྗེད་པར་ཕངས་པའི་ཉིནམ་དེ་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་པོའི་ཞིང་དང་ ངང་ལམ་གཞུང་ལམ་ འགོ་འབྱེད་མཛད་གནང་མི་དེ་ཨིན་པས།
དེ་ཡང་ རྒྱལ་པོའི་ཞིང་ཁྲོམ་ལས་ ཀི་ལོ་མི་ཊར་༡༠ ལྷགཔ་ཅིག་གི་ས་གནས་ ནུ་མཆིས་ལུ་སྦེ་ མི་དབང་མཆོག་གིས་ གཞུང་ལམ་འགོ་འབྱེད་མཛད་གནང་ཡི།
མོང་སྒར་ཁྲི་དྭངས་སྦིས་གཡུས་ཚན་ལས་ རིན་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ ལོ་ངོ་༣༠ ལྷགཔ་ཅིག་གི་རིང་ གཞུང་དང་ སྒེར་དོན་མཉམ་འབྲེལ་གྱི་ གཞི་རྟེན་མཁོ་ཆས་ཚུ་ལེན་པར་ མོང་སྒར་ལས་ ཕུན་ཚོགས་གླིང་ཁྲོམ་ཚུན་ བདུན་ཕྲག་ལྷགཔ་ཅིག་རིང་ རྒྱུན་འགྲུལ་འཐབ་དགོ་པའི་ཁར་ ཟད་འགྲོ་ཡང་ ལེ་ཤ་ར་གཏང་དགོཔ་ཐོན་ཡི་ཟེར་ ཨིན་པས།
ཨིན་རུང་ གཞུང་ལམ་འགོ་འབྱེད་གནང་མི་གིས་ བདུན་ཕྲག་ལས་བཅད་དེ་ འགྲོ་འགྲུལ་འབད་མ་དགོ་པའི་ཁར་ ཞག་༡ ལུ་ ལོག་ལྷོདཔ་ཚུགས་ནི་ཨིནམ་ལས་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་རྒྱ་ཆེཝ་སྦེ་འདུག་ཟེར་ སླབ་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་ནང་ ཚོང་རྐྱབ་སྡོད་མི་ པདྨ་གཡང་སྒྲོན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཚོང་བཏོན་པར་ ཕུན་ཚོགས་གླིང་ཁྲོམ་ཚུན་འགྱོཝ་ད་ མོང་སྒར་ལས་ བཀྲིས་སྒང་ པདྨ་དགའ་ཚལ་ དེ་ལས་ བསམ་གྲུབ་ལྗོངས་མཁར་བརྒྱུད་དེ་ རྒྱུན་འགྲུལ་འཐབ་དགོ་ནི་དེ་གིས་ གདོང་ལེན་ཅན་བྱུང་མི་དེ་ ད་རེས་ བསལ་ཚུགས་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
སྐྱེངས་མཁར་རྒེད་འོག་ མུ་རུང་གཡུས་ཚན་ལས་ ཆང་པ་ལང་ཁྲི་འཛིན་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ ནང་ འཐུས་མི་༡༥ འབད་མི་ རྒྱ་རྡོབ་ཚོགས་པ་གིས་ ལོ་བསྟར་བཞིན་དུ་ རྒྱ་རྡོབ་བཙོང་པར་ ཐིམ་ཕུག་དང་ བུམ་ཐང་ བསམ་གྲུབ་ལྗོངས་མཁར་ལུ་འགྱོཝ་ད་ དུས་ཡུན་ལེ་ཤ་འགོར་མི་དེ་ དུས་ཅི་ བསལ་ཡོདཔ་ལས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ནི་མས་ཟེར་ཨིན་པས།
ངང་ལམ་ཁྲོམ་ནང་ སྒྲིང་ཁྱིམ་ཐོག་༥ འབད་མི་ བཟོ་སྐྲུན་འབད་དེ་ ཟ་ཁང་གཞི་བཙུགས་སྡོད་མི་ པདྨ་བཟངམོ་གིས་ སླབ་མིའི་ནང་ ལོ་ངོ་བཅུ་ཕྲག་གི་ཧེ་མ་ལས་ གཞུང་གིས་ ངང་ལམ་དང་ རྒྱལ་པོའི་ཞིང་གཞུང་ལམ་ མཐུད་སྦྲེལ་གྱི་ ལམ་སེལ་ནི་འགོ་བཙུགས་མི་ལུ་བརྟེན་ ངང་ལམ་ཁྲོམ་ལུ་ ས་ཉོ་སྟེ་ཁྱིམ་བཟོ་སྐྲུན་འབད་ཡོདཔ་ བཞིན་དུ་ ད་རེས་ནངས་པར་ ལྷུན་རྩེ་དང་ བཀྲིས་གཡང་རྩེ་ བཀྲིས་སྒང་ལས་ མི་སེར་ཚུ་ འོང་ནི་འགོ་བཙུགས་ ཏེ་ཡོད་ཟེར་ཨིན་པས།
ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སྤྱི་ལོ་༡༩༦༠ ལས་འགོ་བཙུགས་ཏེ་ ལོ་༥ འི་ མི་སྡེ་ དཔལ་འབྱོར་གོང་འཕེལ་གཏང་ནིའི་ ལཱ་འགོ་བཙུགས་པའི་བསྒང་ལས་ར་ གཞི་རྟེན་མཁོ་ཆས་ ཁྱབ་ཚུགསཔ་ སྦེ་ བཀྲམ་སྤེལ་འབད་ནིའི་ འཆར་གཞི་དང་ སྲིད་བྱུས་དེ་ མི་དབང་རྒྱལཔོ་རིམ་བྱོན་ཚུ་གིས་ མཁྱེན་རྒྱ་ཆེ་བའི་ ཐུགས་ལས་ འཁྲུངས་ཡོདཔ་ཨིན་ཟེར་ཨིན་པས།
སའི་ཆགས་ཚུལ་དང་ བཟོ་བཀོད་ཚུ་ བྱག་དང་ གངས་རི་ ལུང་དང་ཤོང་ མཚོ་དང་གཙང་ཆུ་ གནམ་གཤིས་ཀྱི་འགྱུར་བ་ལུ་བརྟེན་ སྟབས་བདེཝ་དང་མ་བདེཝ་ དེ་ལས་ གོང་འཕེལ་གྱི་ལཱ་འབདཝ་ད་ དཀའ་སྡུག་བྱུང་ཡོདཔ་མ་ཚད་ ཟད་འགྲོ་ཡང་ ཐེབས་ལེ་ཤ་གནས་ཡི་ཟེར་ཨིན་པས།
གཞི་རྟེན་མཁོ་ཆས་ཚུ་གི་གྲས་ལས་ འཁོར་ལམ་དེ་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ གཞི་རྟེན་མཁོ་ཆས་ གཞན་བསྒྲུབ་ཐབས་ལུ་ ཟད་འགྲོ་ཡང་ ཐེབས་གཏང་དགོཔ་ཐོན་ཡི་ཟེར་ བློན་པོ་གིས་ཞུ་ཡི།
མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ ཀི་ལོ་མི་ཊར་༧༧ འབད་མི་ ངང་ལམ་དང་ རྒྱལ་པོའི་ཞིང་གཞུང་ལམ་དེ་ སྤྱི་ལོ་༢༠༠༦ ལུ་ ལོ་༥ འི་འཆར་གཞི་༩ པ་འགོ་བཙུགས་པའི་སྐབས་ ལམ་བསལ་ནི་འགོ་བཙུགས་ཡི་ཟེར་ ཞབས་ཏོག་བློན་པོ་གིས་ སླབ་ཨིན་པས།
ལོ་ངོ་༡༢ ཀྱི་རིང་ ལམ་སེལ་ལས་སྡེ་གིས་ འགོ་འདྲེན་ཐོག་ལས་ ཁག་འབགཔ་ཆེ་བ་༡༥ དེ་ཅིག་གིས་ ཚེ་སྲོག་ ལུ་ཡང་ མ་ཕངས་པར་ ཉེན་འཚུབས་ཅན་གྱི་ ས་ཆའི་གནས་སྟངས་ བྱག་དང་ རི་ ཆུ་ ལུང་གཤོང་ཚུ་ནང་ལས་ཕར་ ལམ་བཏོན་ཏེ་ གྲུབ་འབྲས་ཐོན་མི་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ ཞུ་ཡི་ཟེར་ཨིན་པས།
ལམ་བཏོན་ནིའི་དོན་ལུ་ ཟད་འགྲོ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༢.༥༢༧ བཏང་མི་དེ་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ཨིན་པས།
གཞུང་ལམ་དེ་གིས་ རྫོང་ཁག་༢༠ གི་མི་སེར་ཡོངས་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ ལྷག་པར་དུ་ ཤར་ཕྱོགས་ འཁོར་ལོ་རྩིབས་བརྒྱད་ཀྱི་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ གསུངས་མིའི་ནང་ ངང་ལམ་དང་ རྒྱལ་པོའི་ཞིང་གཞུང་ལམ་དེ་གིས་ ཀུར་རི་གོང་རི་ཆུའི་ནང་ གློག་མེ་འཕྲུལ་ཁང་བཟོ་སྐྲུན་འབད་ནི་ལུ་ ཁེ་ཕན་འབྱུང་ཚུགས་ནི་དང་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་བྱུང་པའི་ཁར་ མི་དབང་མཆོག་གིས་ འགོ་འབྱེད་མཛད་གནང་མི་དེ་ རྒྱལ་རབས་ནང་ ཚུདཔ་ཨིན་ཟེར་གསུངས་ཡི།
གླིང་མི་ཐང་ལུ་ཡོད་པའི་ ལུང་ཕྱོགས་ལམ་སེལ་ལས་སྡེ་ཡིག་ཚང་ལས་ བཟོ་རིག་འགོ་དཔོན་གཙོ་འཛིན་ གྱིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་ལས་ གོང་རི་འཛོམས་ས་ཚུན་ ཀི་ལོ་མི་ཊར་༣༣ འབད་མི་དེ་ ལམ་རྩི་ནག་བཏང་ཚར་རུང་ ངང་ལམ་ལས་ གོང་རི་ཁ་ཐུག་ལུ་ ཀི་ལོ་མི་ཊར་༤ རྩིག་ནག་གཏང་དགོ་མི་ལས་ ད་ལྟོ་ ཀི་ལོ་མི་ཊར་༢ བཏང་ཚར་བའི་ལྷག་ལུས་དེ་ སྤྱི་ཟླ་༥ པའི་ཚེས་༢༠ གི་ནང་འཁོད་ གཏང་ཚར་བའི་ རེ་བ་ཡོད་ཟེར་ཨིན་པས།
འགོ་འབྱེད་ཀྱི་ཉིནམ་དང་འབྲེལ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བཟོ་རིག་འགོ་དཔོན་དང་ ཁག་འབགཔ་ འཕྲུལ་ཆས་ལག་ལེན་འཐབ་མི་དེད་གཡོགཔ་ཚུ་ལུ་ ངོས་ལེན་གྱི་ ལག་ཁྱེར་དང་ ལམ་སེལ་བའི་སྐབས་ ཚེ་ལས་འདས་མི་ ཉམས་རྒུདཔ་བཟའ་ཚང་༤ ལུ་ སེམས་གསོའི་གསོལ་རས་ཚུ་ གནང་ཡི།
ལམ་སེལ་བའི་སྐབས་ རྒྱ་བབ་ཁག་འབགཔ་གི་ ལས་བྱེདཔ་༣ ལུ་ ཤི་རྐྱེན་དང་ ས་རྐོ་འཕྲུལ་ཆས་ཨེསི་ཀེ་བེ་ཊར་༦ ཉམས་ཆག་ཤོར་ཡོདཔ་ད་ རྒྱལ་པོའི་ཞིང་ལས་ གོང་རི་ཟམ་ཚུན་ ཀི་ལོ་མི་ཊར་༣༣ དང་ ངང་ལམ་ལས་ ཀུ་རི་གོང་རི་ཆུ་འཛོམས་ཚུན་ ཀི་ལོ་མི་ཊར་༤༤ ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་ལས་ ཀུར་རི་གོང་རི་ཆུ་འཛོམས་ཚུན་ གཞུང་ལམ་གྱི་ གཞི་རྟེན་བཟོ་སྐྲུན་དེ་ སྤྱི་ལོ་༢༠༠༦ ལས་འགོ་བཙུགས་ སེལ་མི་དེ་ སྤྱི་ལོ་༢༠༡༦ གི་ཟླཝ་༡༢ པའི་ནང་ བསལ་ཚར་བའི་ཤུལ་ལས་ མཐར་འཁྱོལ་ཅན་སྦེ་ སྤྱི་ལོ་༢༠༡༧ ཟླ་༣ པའི་ནང་ བསལ་ཚར་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གོང་རི་ཆུ་གུ་ལས་ ཟམ་དེ་ཡང་ སྤྱི་ལོ་༢༠༡༨ ཀྱི་ཟླཝ་༢ པའི་ནང་ བཟོ་སྐྲུན་འབད་ཚར་ཡོདཔ་ཨིན་པའི་གནས་ཚུལ།

རྒྱལ་པོའི་ཞིང་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *