མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་༢ པའི་ ཚོགས་ཐེངས་༡༠ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ གནང་མི་གསུང་བཤད།

༉ ད་རེས་ སྤྱི་ཚོགས་༢ པའི་ཚོགས་ཐེངས་༡༠ པ་ མཇུག་བསྡུའི་རྟེན་འབྲེལ་བརྩི་སར་ ང་བཅས་ག་ར་ གནམ་མེད་ས་མེད་ དགའ་ཏོག་ཏོ་སྦེ་ གཅིག་ཁར་འཛོམས་ཡོདཔ་མ་ཚད་ ང་རང་ཡང་ ཁ་སླབ་ནིའི་ གོ་སྐབས་ཐོབ་ནི་དེ་གིས་ གནམ་མེད་ས་མེད་ སེམས་དགའ་ཡི།
རྒྱལ་ཡོངས་ཚོགས་ཁང་གི་ ལཱ་དང་འགན་ཁག་ཚུ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ རྩ་ཆེ་ཏོག་ཏོ་ ག་དེམ་ཅིག་ཡོད་ག་ ང་བཅས་ག་ར་གིས་ ལེགས་ཤོམ་སྦེ་ར་ ཤེསཔ་བཞིན་དུ་ དང་པ་ རྒྱལ་ཡོངས་ཚོགས་ཁང་ནང་ རྒྱལ་ཁབ་དང་ མི་སེར་ལུ་ཕན་ཐོགས་པའི་ གསུང་གྲོས་རྣམ་པ་སྣ་ཚོགས་ གནངམ་ཨིན།
གསུང་གྲོས་གནངམ་ད་ རང་ར་སོ་སོའི་ ལོ་རྒྱུས་ཚུ་འབག་སྟེ་ བདེན་མ་བདེན་གྱི་ དབྱེ་བ་ཕྱེཝ་མེན་པར་ ང་བཅས་རའི་ རྒྱལ་ཁབ་ལུ་ ཕན་ཐོགས་མ་ཐོགས་ གནོད་མ་གནོད་ ཁག་ཆེ་མ་ཆེ་གི་ གསུང་གྲོས་ཚུ་ ཚོགས་ཁང་ནང་ གནངམ་ཨིན།
གསུང་གྲོས་གནང་པའི་སྐབས་ལུ་ རེས་ཅིག་སྐབས་ མ་འགྲིགསཔ་ག་དེ་སྦེ་ཡང་འཐོན་འོང་ ཨིན་རུང་ ཁག་ཆེ་ཤོས་དེ་ གསུང་གྲོས་གནངམ་བཞིན་དུ་ དེའི་གྲུབ་འབྲས་སྦོམ་ཤོས་དེ་ར་ སྤྱི་མཐུན་གྱི་རིག་པ་དང་ སྤྱི་མཐུན་གྱི་ཤེས་རབ་དེ་ རྒྱལ་ཡོངས་ཚོགས་ཁང་ནང་ལས་ འབྱུང་འོང་།
གཉིས་པ་ དགག་བཤེར་དང་ཚད་མཉམ་གྱི་ ལམ་ལུགས་དེ་ཨིནམ་ད་ དེ་ཡང་ ད་ལས་ཕར་འབད་རུང་ ང་རང་གིས་མཇལཝ་ད་ རྒྱལ་ཁབ་ཀྱི་ཕྱག་ལཱ་ཚུ་ག་ར་ གནམ་མེད་ས་མེད་ ལེགས་ཤོམ་སྦེ་འགྱོ་དོ་ཡོདཔ་ཨིན་རུང་ རེས་ཅིག་སྐབས་ ཉེན་ཁ་རེ་འཐོན་འོང་ ཡངན་ སྟབས་མ་བདེཝ་རེ་ ཡངན་ དུམ་གྲ་རེ་ འཛོལ་བ་འབྱུང་པ་ཅིན་ འགོ་དང་འགོ་ལས་ མ་ཕྱིསཔ་ལས་ར་ གདོང་ལེན་འབད་ནི་དང་བཀག་ནི་ བཅོ་ཁ་རྐྱབ་ནིའི་ལམ་ལུགས་ དགག་བཤེར་དང་ཚད་མཉམ་གྱི་ འགན་ཁུར་དེ་ཡང་ ང་བཅས་རའི་ ཆེ་བསྟོད་ཅན་གྱི་ འཐུས་མི་ཚུ་གིས་འབག་སྟེ་ རྒྱལ་ཡོངས་ཚོགས་ཁང་ནང་ རྩ་འགེངས་ཏེ་ ཕྱག་ཞུ་དོ།
གསུམ་པ་ འཕྲལ་དང་ཕུག་གི་ ཡུན་བརྟན་གྱི་ཕྱག་ལཱ་ཚུ་ བརྟན་ཏོག་ཏོ་སྦེ་ བཞག་ནི་དེ་ཨིནམ་ད་ ད་རེས་ འཕྲལ་ཅིག་གི་ མནོ་བསམ་རྐྱངམ་གཅིག་མ་བཏང་པར་ མ་འོངས་པའི་གནས་སྟངས་ཀྱི་ ཚ་གྱང་འབག་སྟེ་ ག་དེ་དྲག་དྲག་ མ་འོངས་གནས་སྟངས་ལེགས་ཤོམ་བཟོ་ཐབས་ཀྱི་དོན་ལུ་ ཕྱག་ཞུ་ནིའི་འགན་ཁག་དེ་ཡང་ རྒྱལ་ཡོངས་ཚོགས་ཁང་གིས་འབད་ར་ འབག་སྟེ་ཕྱག་ཞུ་དོ།
བཞི་པ་ འཛམ་གླིང་གི་གནས་སྟངས་ནང་ རྟག་པ་བརྟན་པ་ག་ནི་ཡང་མེད་པའི་ དུས་ཀྱི་འགྱུར་བ་དང་འཁྲིལ་ ང་རང་གིས་མཇལ་ཏེ་འབད་རུང་ ད་ལས་ཕར་གྱི་ལམ་དེ་ གྱེན་གཟར་དྲགས་དང་ ལྗིད་ཆེ་དྲགས་ ཡངན་ དཀརཔོ་དང་གནགཔོ་སྦེ་ མི་མཇལ་བས།
དཔྱེ་འབད་བ་ཅིན་ ལམ་སྒོར་ལྟབ་ལེ་ཤ་ཡོདཔ་ད་ ཡངན་ ལམ་ཁ་བྱལ་ ལེ་ཤ་གི་གདོང་ཁར་ ལྷོད་དོ་བཟུམ་སྦེ་མཐོངམ་མས།
ཁག་ཆེ་ཤོས་དེ་ར་ ང་བཅས་རའི་རྒྱལ་ཁབ་ཀྱི་ མ་འོངས་པའི་ལམ་དེ་ རང་མགོ་རང་འདྲོངས་དང་ དཔལ་འབྱོར་གོང་འཕེལ་གྱི་ལམ་ སྔར་སྲོལ་བཟངམ་བདག་འཛིན་འཐབ་ཀྱི་ལམ་ བདེ་སྐྱིད་ཀྱི་ལམ་ ཞི་བདེ་གི་ལམ་ཟེར་ ནམ་རང་འབད་རུང་ ང་བཅས་རྒྱལ་ཁབ་ཀྱི་ལམ་དེ་ དགའ་སའི་ས་གོ་ནང་ ལྷོད་ཚུགས་སྦེ་ར་ ཐབས་ལམ་བཏོན་ནིའི་འགན་ཁུར་དེ་ ང་བཅས་རའི་ རྒྱལ་ཡོངས་ཚོགས་ཁང་གི་ ཆེ་བསྟོད་ཅན་གྱི་འཐུས་མི་ཚུ་གིས་ འབག་སྟེ་ཕྱག་ཞུ་དོ།
མཇུག་ར་ མནོ་བསམ་ལེགས་ཤོམ་ བཏངམ་ཙམ་ཅིག་གིས་མི་བཏུབ་པས། འགན་ཁུར་དང་བསྟུན་པའི་ རིག་པ་དང་ལྕོགས་གྲུབ་ ཐ་དམ་ཚིག་དཔང་བཙུགས་ཏེ་ འབད་ཐངས་ཁག་ཆེ་བའི་གུ་ ཁག་ཆེ་ཤོས་ར་ གྲུབ་འབྲས་ལེགས་ཤོམ་སྦེ་ བཏོན་ཚུགསཔ་དགོ་པས།
འབྲུག་རྒྱལ་ཁབ་ནང་འབད་བ་ཅིན་ དཀོན་མཆོག་གི་ ཐུགས་རྗེ་བྱིན་རླབས་ ཡབ་རྗེ་དམ་པ་ དྲིན་ཆེན་གྱི་ཕམ་ མི་དབང་མངའ་བདག་རིན་པོ་ཆེ་ འབྲུག་རྒྱལ་བཞི་པའི་ བཀའ་སློབ་དང་ལམ་སྟོན་ རྫོང་ཁག་༢༠ དང་ རྒེད་འོག་༢༠༥ གི་ མི་སེར་ཆེ་འབྲིང་ཆུང་གསུམ་ག་རའི་ རྒྱབ་སྐྱོར་ལུ་བརྟེན་ རྒྱལ་ཁབ་ཀྱི་ཕྱག་ལཱ་ཚུ་ མཛད་པའི་སྐབས་ལུ་ཡང་ ཐོགས་ཆགས་ཚུ་ ག་ནི་ཡང་མེད་པར་ ག་ར་ རེ་བ་ལས་ལྷག་སྟེ་ གནམ་མེད་ས་མེད་ ལེགས་ཤོམ་སྦེ་འགྱོ་སར་ ང་རང་གིས་མཇལ་ཡི།
ད་རེས་ གོ་སྐབས་བཟངམ་ཐོབ་ད་ གོ་སྐབས་འཕྲོ་བརླག་མ་བཏང་པར་ ང་རའི་ཁ་ཐུག་ལས་ ཆེ་བསྟོད་ཅན་གྱི་འཐུས་མི་ཚུ་ལུ་ བཀྲིན་དགའ་ཚོར་ཅིག་བྱིན་པ་ཅིན་ དང་པ་ར་ རྒྱལ་ཡོངས་ཚོགས་སྡེའི་ གནས་ཡུན་གྱི་སྐབས་ལུ་ འགན་ཧྲིལ་བུམ་འབག་སྟེ་ རྩ་འགེངས་ཕྱག་ཞུ་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེ་གིས་ ཁྲིམས་བཟོའི་ལཱ་དང་ བསྐྱར་ཞིབ་ཀྱི་འགན་ཁག་ཚུ་འབག་སྟེ་ ཕྱག་ཞུ་མི་ལུ་ལྟཝ་ད་ གྲུབ་འབྲས་སྦོམ་ཤོས་དེ་ སྤྱི་ཚོགས་ཀྱི་ བྱ་སྒོའི་ལམ་ལུགས་དང་གསུང་གྲོས་ཀྱི་ སྤུས་ཚད་དེ་ ཡར་དྲག་བཏང་ཡི།
ང་གིས་ ག་ཅི་མཇལ་ཡི་ཟེར་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ གསུང་གྲོས་གནང་པའི་སྐབས་ ཁྲི་འཛིན་བསོད་ནམས་ཀུན་དགའ་ ཁོ་རང་གི་ ལྕོགས་གྲུབ་དང་ ཕྱག་ཞུ་ཐངས་ལུ་ ཡིད་ཆེས་ཡོདཔ་མ་ཚད་ དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གིས་ཡང་ ཤ་ཚ་ཏོག་ཏོ་སྦེ་ ཕྱག་ལེགས་ཤོམ་སྦེ་ ཞུ་མི་དེ་ལུ་ ང་རའི་ཁ་ཐུག་ལས་ ཁྱེད་ག་ར་ལུ་ ངལ་རངས་དང་ བཀྲིན་དགའ་ཚོར་ཡོད།
ལྡོག་ཕྱོགས་ཀྱིས་ཡང་ ཕྱག་ལེགས་ཤོམ་སྦེ་ཞུ་ཡོདཔ་ད་ ལྡོག་ཕྱོགས་ཀྱི་འགན་ཁུར་དེ་ གཞུང་མེདཔ་གཏང་ནི་དང་ གཞུང་ལཱ་འབད་མ་ཚུགསཔ་བཟོ་ནི་ ག་ཅི་ར་འབད་རུང་ བཀག་ནི་དེ་མེན་པར་ དེ་ཚུ་ག་ར་ སེམས་ཁར་བཞག་སྟེ་ ལྡོག་ཕྱོགས་ཀྱིས་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ འགན་ཧྲིལ་བུམ་འབག་སྟེ་ ཚད་དང་ལྡན་ཏོག་ཏོ་སྦེ་ དྲག་མ་དྲག་ ཉུང་མ་དྲགཔ་ཅིག་སྦེ་ མཐུས་ཤོར་མེད་པར་ རྩ་འགེངས་ཕྱག་ཞུ་སར་ མཐོང་ཡོདཔ་ལས་ ང་རའི་ཁ་ཐུག་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་དང་ ལྡོག་ཕྱོགས་ཀྱི་ འཐུས་མི་ཚུ་ལུ་ཡང་ ཧིང་ལས་ར་ ངལ་རངས་དང་ བཀྲིན་དགའ་ཚོར་སྦོམ་ཡོད།
གཞུང་གིས་འབད་རུང་ དུས་ཡུན་ཐུང་ཀུ་ཅིག་ནང་ར་ ཕྱིའི་མཐུན་འབྲེལ་གྱི་ ཕྱག་ལཱ་ཚུ་དང་ ནང་ན་མི་སེར་ལུ་ ཕན་ཐོགས་པའི་ འདྲ་མཉམ་མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ ཕྱག་ལཱ་ཚུ་ག་ར་ ལོ་གཅིག་བ་ལོ་གཅིག་དྲགཔ་སྦེ་ སྟབས་མ་བདེཝ་ཡང་ ག་ནི་ཡང་མ་ཐོན་ རྐྱེན་བར་ཆད་མ་ཐོན་ རིམ་པ་བཞིན་དུ་ མ་བཏུབ་བཏུབ་སྦེ་ ཞུན་དག་ཏོག་ཏོ་སྦེ་ར་ མཛད་མི་དེ་ལུ་ཡང་ ང་རའི་ཁ་ཐུག་ལས་ གཞུང་གི་འཐུས་མི་དང་ གཞུང་གི་དཔོན་ཁག་ཚུ་ལུ་ དགའ་ཚོར་ཡོད།
ལྷག་པར་དུ་ ང་བཅས་ཀྱི་ བློན་ཆེན་གྱིས་ འགན་འབག་པའི་ཉིནམ་ལས་ར་ ཉིནམ་གཅིག་ཡང་ ངལ་མ་འཚོ་བར་ རྩ་འགེངས་ཏེ་ ཐངས་ཐེངས་གཅིག་སྦེ་ ཕྱག་ཞུ་ཡོདཔ་ད་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྩ་བ་གསུམ་ལུ་ ཤ་ཚ་མི་དང་ ཕྱག་ཞུ་ཐངས་ ཐ་དམ་ཚིག་ལུ་ལྟ་སྟེ་ ང་རའི་ཁ་ཐུག་ལས་ ཡིད་ཆེས་སྦོམ་ཡོད།
དམངས་གཙོའི་ལམ་ལུགས་ འགོ་བཙུགས་ཏེ་ དུས་ཡུན་གངམ་མ་སོངམ་ཨིན་རུང་ དམངས་གཙོའི་ལམ་ལུགས་ འགོ་བཙུགས་ཏེ་ཡུན་རིངམོ་སོང་ཡོདཔ་བཟུམ་སྦེ་ ལོ་གཅིག་བ་ལོ་གཅིག་ ཚགས་ཁར་ཚུད་ ཉིནམ་གཅིག་བ་ཉིནམ་གཅིག་ བག་ཆགས་ཏོག་ཏོ་སྦེ་ ཐོན་ནི་དེ་གིས་ ང་རང་ཡང་ གནམ་མེད་ས་མེད་ བློ་བདེ་ཡི།
ད་ལས་ཕར་འབད་རུང་ ང་བཅས་རའི་ རྒྱལ་ཁབ་ནང་ དམངས་གཙོའི་ལམ་ལུགས་དེ་ ད་རེས་བ་དྲགཔ་སྦེ་ཐལ་བཅུག་ དུས་ནམ་ར་འབད་རུང་ ང་བཅས་རའི་རྒྱལ་ཁབ་ སྒྲིང་སྒྲི་འགྱོ་བཅུག་ མི་སེར་ལུ་ཕན་ཐོགས་བཅུག་ཟེར་ གོང་ནས་གོང་དུ་འཕེལ་བའི་ རེ་བ་དང་སྨོན་ལམ་ཡོད།
ད་རེས་ ང་བཅས་ར་ ཚོགས་ཐེངས་༡༠ པ་ གྲོལ་བའི་རྟེན་འབྲེལ་ལུ་ ང་རའི་ཁ་ཐུག་ལས་ ཚོགས་དཔོན་འཇིགས་མེད་བཟང་པོ་ལུ་ བཀྲིས་ལེགས་སོ་དང་གཅིག་ཁར་ ཆེ་བསྟོད་ཅན་གྱི་འཐུས་མི་ག་ར་ལུ་ བཀྲིན་དགའ་ཚོར་དང་ བཀྲིས་བདེ་ལེགས་ཡོད།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *