ལ་གཔ་ཚུ་གིས་ རང་ལུགས་ཀྱི་ཞབས་ཁྲ་རྐྱབ་པའི་བསྒང་།

མི་དང་གངས་གཟིག་ མཐུན་ཏོག་ཏོ་སྦེ་སྡོད་གེ་ཟེར་བའི་ བརྗོད་དོན་ཐོག་ དུས་སྟོན་བརྩི་སྲུང།

༉ འབྲུག་རྒྱལ་ཁབ་ཀྱི་ རྒེད་འོག་ཆུང་ཤོས་ཅིག་ཨིན་མི་ སྲོས་རྒེད་འོག་དེ་ ཇོ་མོ་ལྷ་རིའི་རྩ་བ་ལུ་ ཆགས་ཡོདཔ་ད་ སྤྱི་ཟླ་༡༠ པའི་ཚེས་༡༤ དང་༡༥ ལུ་ འགོ་འདྲེན་འཐབ་མི་ ཇོ་མོ་ལྷ་རི་དུས་སྟོན་ཐེངས་༧ པའི་ནང་ མི་སེར་༣༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ དུས་སྟོན་བརྩི་སྲོལ་ཡོད་དོ་བཟུམ་སྦེ་ གླིང་བཞི་རྒེད་འོག་དང་ ན་རོ་རྒེད་འོག་ དེ་ལས་ སྤ་རོ་རྫོང་ཁག་ བཙན་ཏོ་རྒེད་འོག་ཚུ་ནང་མེད་མི་ལུ་བརྟེན་ ས་གནས་དེ་ཁའི་ མི་སེར་ བརྒྱ་ལས་བཅད་མི་ཚུ་གིས་ དུས་སྟོན་གྱི་དོན་ལུ་ ལྟོདམ་བལྟ་བར་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ རྐང་སྟོང་སྦེ་ འགྱོ་ཡོདཔ་ཨིན་པས།
སྐྱེས་ལོ་༧༣ ལང་མི་ སྨིན་གྲུ་མགོནམ་གིས་ དུས་སྟོན་ནང་ བོད་སྒྲ་འཐེན་ནིའི་དོན་ལུ་ གླིང་བཞི་རྒེད་འོག་ལས་ དུས་ཡུན་ཆུ་ཚོད་༦ གི་རིང་ རྐང་སྟོང་སྦེ་ ལམ་འགྱོ་འོང་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ འདི་བཟུམ་གྱི་དུས་སྟོན་དེ་ གླིང་བཞི་རྒེད་འོག་ནང་ཡང་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ ཨིན་པས།
སྤྱི་ལོ་༢༠༡༣ ལུ་ འགོ་དང་པ་ ཇོ་མོ་ལྷ་རི་དུས་སྟོན་ བརྩི་སྲུང་འབད་ཡོདཔ་ད་ དེ་སྦེ་ དུས་སྟོན་བརྩི་སྲུང་འགོ་འདྲེན་འཐབ་མི་དེ་ཡང་ མི་སྡེ་གིས་ གངས་གཟིག་ཚུ་ ཉམས་སྲུང་འབད་ནི་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
སྲོས་རྒཔོ་ དཀོན་མཆོག་རྡོ་རྗེ་གིས་ སླབ་མིའི་ནང་ དུས་སྟོན་གྱི་དམིགས་ཡུལ་གཙོ་བོ་ར་ ལ་གོང་༣ གྱི་མི་སེར་ཚུ་གིས་ གངས་བདའ་སྟེ་ཡོད་མི་ སེམས་ཅན་ཚུ་ ཉམས་སྲུང་འབད་ནིའི་དོན་ལུ་ཨིནམ་ད་ དང་ཕུ་ ཕམ་ཚུ་གིས་ གངས་ཀྱི་སེམས་ཅན་ཚུ་ བསད་མི་དེ་ཡང་ ལ་ནོར་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ཨིན་ཟེར་ ཨིན་པས།
གངས་གཟིག་གི་གྱངས་ཁ་ ངེས་བདེན་སྦེ་ ཤེས་རྟོགས་མེད་རུང་ རྒྱལ་སྤྱི་ཡུ་ནི་ཡོན་རང་བཞིན་ཉམས་སྲུང་ཐོ་དེབ་དང་འཁྲིལཝ་ད་ གངས་གཟིག་ཚུ་ སྡེ་ཚན་སྦེ་སྡོད་མི་དེ་ མར་ཉམས་འགྱོ་དོ་ཡོདཔ་ཨིན་རུང་ ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ ཉམས་སྲུང་འབད་མི་དེ་ མཐར་འཁྱོལ་བྱུང་སྟེ་ཡོད་ཟེར་ ཨིན་པས།
དེ་བཟུམ་སྦེ་ དུས་སྟོན་གྱི་ དམིགས་གཏད་གཞན་མི་དེ་ཡང་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ཨིནམ་སྦེ་ རྒཔོ་གིས་ བཤདཔ་ཨིན་པས།
ནང་འཁོད་ཀྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ དུས་སྟོན་གྱི་སྐབས་ ཕྱིའི་རྒྱལ་ཁབ་ལས་ ལྟ་བཤལ་འོང་མིའི་གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོད་མི་དེ་གིས་ འོང་འབབ་བཟོ་ནི་ལུ་ ཕན་ཐོགས་འདུག་ཟེར་ཨིན་པས།
ལ་ཁའི་མི་སེར་དང་ གངས་གཟིག་མཐུན་ཏོག་ཏོ་སྦེ་ སྡོད་གེ་ཟེར་བའི་ བརྗོད་དོན་ཐོག་ལུ་ དུས་སྟོན་བརྩི་སྲུང་འབད་ཡོདཔ་ལས་ སྲོས་རྒེད་འོག་གི་ དྭངས་མགོ་སྐྱོང་གི་ མི་སེར་ཚུ་གིས་ མི་དབང་མཆོག་ལུ་ ཞབས་བརྟན་ཕུལ་ཐོག་ལས་ ཉིནམ་དང་པའི་ལས་རིམ་ འགོ་བཙུགས་པའི་ཤུལ་ལས་ སྔོན་དང་ཕུ་ རྐྱབ་སྲོལ་ཡོད་པའི་ ལམ་སྲོལ་ལས་རིམ་དང་ རྟའི་བང་རྒྱུག་ནི་ དེ་ལས་ ཐུགས་སྤྲོའི་ལས་རིམ་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།
ཉིནམ་༢ པའི་ནང་ ཇོ་མོ་ལྷ་རིའི་རྩ་བ་དང་ བྱི་ཅུང་བྲག་སྐད་ཚུན་ ལམ་འགྲུལ་འབད་བའི་ཁར་ མཚོ་ཕུག་གི་ མཚོ་བལྟ་བར་ སོང་ཡོདཔ་མ་ཚད་ རང་ལུགས་ཀྱི་ཞབས་ཁྲ་དང་ རྩེདམོ་ཚུ་ འགོ་འདྲེན་འཐབ་ནུག།
དེ་དང་འདྲཝ་སྦེ་ ཚོང་པ་ཚུ་གིས་ བཞེས་སྒོའི་རིགས་དང་ དྲན་རྟེན་ དེ་ལས་ ཅ་ཆས་ཀྱི་རིགས་ཚུ་ མི་མང་ལུ་ འགྲེམས་སྟོན་འབད་བའི་ཁར་ ལྟ་བཤལ་དང་ མགྱོནམ་ཚུ་གི་དོན་ལུ་ གཡག་གུ་གཞོན་ནིའི་ ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དུས་སྟོན་གྱི་ སྐུ་མགྲོན་གཙོ་བོ་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ དེ་ཁར་འཛོམས་མི་ཚུ་ལུ་ སླབ་མིའི་ནང་ རང་ལུགས་ཀྱི་ ལམ་སྲོལ་མ་འདྲཝ་ཚུ་ བདག་འཛིན་འཐབ་ནི་དང་ རང་བཞིན་གནས་སྟངས་ཉམས་སྲུང་ འབད་དགོཔ་ གལ་ཆེ་ཨིན་པས།
དུས་སྟོན་གྱི་ཉིནམ་དང་འབྲེལ་ གསོ་བའི་གོ་བརྡ་ལས་རིམ་དང་ ལ་གོང་༣ ལུ་སྡོད་མི་ མི་སེར་ཚུ་གི་དོན་ལུ་ ནད་རིགས་བརྟག་དཔྱད་འབད་ཡོདཔ་ད་ དེ་གི་གྲས་ལས་ ཨམ་སྲུ་ཚུ་ལུ་ མངལ་སྒོ་ཀེན་སར་ཡོད་མེད་ཀྱི་ བརྟག་དཔྱད་འགོ་འདྲེན་འཐབ་མི་དེ་ ཐིམ་ཕུག་རྫོང་ཁག་གིས་ འབྲུག་གཞི་བཙུགས་དང་ གསོ་བའི་ལྷན་ཁག་དང་ མཉམ་འབྲེལ་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་སྒོ་ནོར་འཕྲོད་བསྟེན་སྨན་ཁང་དང་ སྨན་ལྗོངས་གསོ་རིག་སྤེལ་ཁང་ལས་འཛིན་ འབྲུག་དངུལ་ཁང་ དེ་ལས་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣ་ལྟེ་བ་གིས་ མི་སེར་ཚུ་གི་དོན་ལུ་ ཞབས་ཏོག་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དུས་སྟོན་ལས་རིམ་ འགོ་འདྲེན་འཐབ་ཚུགས་མི་དེ་ཡང་ གཞུང་དང་ འབྲུག་ལྟ་བཤལ་ཚོགས་སྡེའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ གླིང་བཞི་དྲུང་ཁག་གིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ འབྲུག་གཞི་བཙུགས་དང་ འབྲུག་དངུལ་ཁང་ སྨན་ལྗོངས་གསོ་རིག་སྤེལ་ཁང་ལས་འཛིན་ དེ་ལས་ འབྲུག་ཚེ་སྲོག་ཉེན་བཅོལ་གྱིས་ཡང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ལས་༢༠༡༧ ཚུན་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁ་གིས་ དུས་སྟོན་ལས་རིམ་འགོ་ འདྲེན་འཐབ་ཡོདཔ་ད་ དུས་སྟོན་ལས་རིམ་དེ་ སྤྱི་ཟླ་༡༠ པའི་ཚེས་༡༥ ལུ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་ཕུན་ཚོགས།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *