མི་གྲངས་༨ ལུ་ ཀོ་རོ་ན་བའེ་རཱསི་ནད་འབུབ་ ཐོབ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་༢༠ འི་ནུབ་མོ་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་ཅིག་ལུ་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་ཡོདཔ་སྦེ་ བདའ་ཟུན་པའི་ཤུལ་ལས་ ཐིམ་ཕུག་ཁྲོམ་སྡེའི་ནང་ འགྲོ་འགྲུལ་བཀག་དམ་འབད་ཡི།

ཨམ་སྲུ་དེ་ བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ དགེ་ལེགས་ཕུག་ལས་ ཐིམ་ཕུག་ལུ་འོང་ཡོདཔ་ད་ དེ་གི་ཧེ་མར་ མོ་རའི་ཨ་ཞེམོ་དང་གཅིག་ཁར་ དགེ་ལེགས་ཕུག་ལུ་ སྡོད་ཡོདཔ་ཨིན་པས།

མོ་ར་ ཐིམ་ཕུག་ལུ་ འོང་དགོ་མི་དེ་ཡང་ ཀེ་ན་ཌ་རྒྱལ་ཁབ་ནང་ དཔེ་ཆ་ལྷབ་པར་ འགྱོ་ནིའི་དོན་ལུ་ཨིནམ་ད་ རྒྱལ་ཡོངས་ཀོ་བིཌ་-༡༩ འི་སྒྲིག་གཞི་དང་འཁྲིལ་ ཟུར་བཞག་དང་ བརྟག་དཔྱད་འབད་དེ་ར་ འོང་ཡོདཔ་ཨིན་པས།

ཁ་ཙ་ བློན་ཆེན་དྲོག་ཊར་ བློ་གྲོས་ཚེ་རིང་གིས་ འབྲུག་རྒྱང་སྒྲགས་ཀྱི་ དངོས་མཐོང་ལས་རིམ་ཐོག་ལས་ གསུངས་མིའི་ནང་ ཨམ་སྲུ་དེ་ མོ་ར་ ཕྱིའི་རྒྱལ་ཁབ་ལུ་ ཡུན་རིང་གི་དོན་ལུ་ དཔེ་ཆ་ལྷབ་པར་ འགྱོ་ནི་ཨིནམ་ལས་ མོ་རའི་ ནང་མི་ཉེ་ཚན་ཚུ་དང་ཕྱད་ཡོདཔ་མ་ཚད་ ཡིག་ཆ་བཟོ་ནིའི་དོན་ལུ་ ཡིག་ཚང་ཁག་ཚུ་དང་ དངུལ་འབྲེལ་ལཱ་གི་དོན་ལུ་ དངུལ་ཁང་ཚུ་ནང་དང་ གསོ་བའི་བརྟག་དཔྱད་དོན་ལུ་ སྨན་ཁང་ནང་ དེ་ལས་ ལྷ་ཁང་ཚུ་ནང་ དཀོན་མཆོག་མཆོད་པར་ སོང་ཡོདཔ་ལས་ མ་ལྷོད་པའི་ས་ཁོངས་ གངམ་མིན་འདུག་ཟེར་ཨིན་པས།

དེ་གི་དོན་ལུ་ སྤྱི་ཟླ་༡༢ པའི་ཚེས་༢༠ གི་ ནུབ་ཕྱེད་དེ་ཅིག་ལས་ར་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཏེ་ ཁ་ཙ་ཉིནམ་གཅིག་འབདཝ་ད་ མོ་རའི་ བཟའ་ཚང་ཚུ་དང་ཕྱད་མི་ མི་གྲངས་༨༠༠ དེ་ཅིག་ འཚོལ་ཞིབ་འབད་དེ་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

ཨམ་སྲུ་དེ་ ཐིམ་ཕུག་ཞབས་ཏོག་ལྷན་ཁག་དང་ ཚོད་བསྲེ་ཁྲོམ་གྱི་བར་ན་ སྡོད་དོ་ཡོདཔ་ལས་ མོ་ར་སྡོད་སའི་གནསཔ་ ཨ་ཞང་དང་ ཨ་མ་ ཨ་ལོ་༤ དེ་ལས་ དེད་གཡོགཔ་༡ འབདཝ་ད་ མི་གྲངས་༨ ལུ་ ནད་འབུབ་ཐོབ་ཡོདཔ་སྦེ་ ངོས་འཛིན་བྱུང་ཡོདཔ་ཨིན་རུང་ མོ་རའི་རྨགཔ་དང་ རྨགཔ་གི་མི་ཚན་ཚུ་ལུ་འབད་བ་ཅིན་ ནད་འབུབ་མ་འཐོབ་པས་ཟེར་ ཨིན་པས།

དེ་བཟུམ་སྦེ་ མོ་རའི་ གནསཔ་ཨ་ཞང་དེ་ གཞུང་འབྲེལ་གྱི་ལཱ་ཅིག་ཐོན་ཏེ་ ཤར་ཕྱོགས་ཁ་ཐུག་ལུ་ སོང་ཡོདཔ་བཞིན་དུ་ ཁོ་ར་ ལམ་བདའ་སྟེ་ ག་ཏེ་བསྒུགས་སྡོད་ས་དང་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ དབྱེ་ཞིབ་འབད་ཚར་ཡི་ཟེར་ཨིན་པས།

ཨིན་རུང་ ཁོང་ཆ་ཁྱབ་ཕྱད་དེ་ གངམ་མ་སོང་ནི་དེ་གིས་ ད་ལྟོ་ ནད་འབུབ་བདའ་མི་ཟུན་ནི་ཨིནམ་ལས་ ཟུར་བཞག་འབད་ཡོདཔ་ལས་ ཉིནམ་༣ དེ་ཅིག་གི་ རྒྱབ་ལས་རྐྱངམ་གཅིག་ བརྟག་དཔྱད་འབད་ནི་ཨིན་ཟེར་ཨིན་པས།

ཨ་ཞང་དེ་ གཡུས་སྟོད་སྦིས་ས་ལས་ ཨིནམ་བཞིན་དུ་ ཁོ་རའི་ བུམོ་དང་གཅིག་ཁར་ གཡུས་ཁར་ ལོ་ཆོག་གཏང་པར་ འགྱོ་བའི་སྐབས་ མི་༣༧ དེ་ཅིག་དང་ འབྲེལ་བ་འཐབ་ཡོདཔ་ད་ དེ་ཚུའི་བརྟག་དཔྱད་ཡང་ འབད་དོ་ཟེར་ཨིན་པས།

ཞབས་ཏོག་ལྷན་ཁག་དང་ ཚོད་བསྲེ་ཁྲོམ་གྱི་བར་ན་སྡོད་མི་ མི་གྲངས་༡,༡༠༠ དེ་ཅིག་ལུ་ཡང་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཨམ་སྲུ་དེ་སྡོད་སའི་ ཁྱིམ་གྱི་འོག་ཐོག་ལུ་ ཟ་ཁང་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་ཚུ་ འཕྲལ་འཕྲལ་སྦེ་ར་ ཁ་ཟས་བཟའ་བར་དང་ ཇ་འཐུང་པར་ ཟ་ཁང་དེ་ནང་ འགྱོ་དོ་ཡོདཔ་ལས་ ཁྲིམས་སྲུང་འགག་པ་༤༠ དེ་ཅིག་ཡང་ ཞིབ་དཔྱད་འབད་དོ་ཟེར་ཨིན་པས།

ཟ་ཁང་དེ་ནང་འགྱོ་མི་ གཞན་བདའ་ཟུན་མི་ཚུ་ག་ར་ བརྟག་དཔྱད་འབད་དོ་ཟེར་ཨིན་པས།

ཁ་ཙ་ ནུབ་མོ་ཚུན་ མི་གྲངས་༡,༧༠༠ དེ་ཅིག་གི་ དཔེ་ཚད་ཚུ་ལེན་ཐོག་ལས་ བརྟག་དཔྱད་ཁང་ནང་ བཏང་ཡོདཔ་ལས་ གྲུབ་འབྲས་ཚུ་ ཁ་ཙ་ནུབ་ཕྱེད་དེ་ཅིག་ཁར་ འཐོན་འོང་ཟེར་ བློན་ཆེན་གྱིས་གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ ཉེན་ཁ་ཅན་སྦེ་མཐོང་པ་ཅིན་ བརྟག་དཔྱད་གྲུབ་འབྲས་ཚུ་ དེ་འཕྲོ་ལས་ར་ གསལ་བསྒྲགས་འབད་འོང་ཟེར་གསུངས་ཡི།

མི་སེར་ཚུ་གིས་ ནད་འབུབ་དེ་ འགོ་དང་པ་ ཨམ་སྲུ་དེ་གིས་ འབག་འོང་ཡོད་པའི་ དོགས་པ་ཆགས་མི་དེ་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ ཨམ་སྲུ་དེ་ དགེ་ལེགས་ཕུག་ལུ་ ཨ་ཞེམོ་དང་གཅིག་ཁར་སྡོད་རུང་ མོ་རའི་ ཨ་ཞེམོ་དེ་ལུ་ ནད་འབུབ་མེདཔ་མ་ཚད་ མོ་ར་ ཐིམ་ཕུག་ལུ་འོང་བའི་སྐབས་ ཟུར་བཞག་འབད་དེ་ བརྟག་དཔྱད་འབདཝ་ད་ཡང་ ནད་འབུབ་མེདཔ་སྦེ་ ཐོན་ནི་དེ་གིས་ཨིན་ཟེར་ཨིན་པས།

ནད་འབུབ་ཡོད་མི་དེ་ ཧེ་མ་ལས་ རྒྱལ་ཁབ་ནང་སྡོད་དེ་ ཨམ་སྲུ་དེ་ལུ་ བཀལ་བཀལཝ་བཟུམ་ཅིག་ཡོདཔ་ལས་ ནད་འབུབ་དེ་ འགོ་ཐོག་ག་ལས་ ཁྱབ་སྤེལ་འགྱོ་འགྱོཝ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།

བློན་ཆེན་གྱིས་ གསུངས་མིའི་ནང་ ནདཔ་ཚུ་ ན་ཐངས་ལུ་བལྟ་བ་ཅིན་ ནད་འབུབ་དེ་ བདུན་ཕྲུག་༢ དེ་ཅིག་གི་ཧེ་མ་ལས་ ཐོབ་ཡོདཔ་བཟུམ་ཅིག་འདུག་ཟེར་ཨིན་པས།

དེ་དང་གཅིག་ཁར་ མི་ཚུ་གིས་ བརྡ་བརྒྱུད་ངོ་མ་ཚུ་ནང་ མེན་པ་ཅིན་ མི་སྡེ་བརྒྱུད་ཚུ་ནང་ལས་ཕར་ཐོན་མི་ འཐོར་གཏམ་ཚུ་ལུ་ ཡིད་ཆེས་བསྐྱེད་ནི་མི་འོང་ནི་ཟེར་ཨིནམ་ད་ གལ་སྲིད་ དོགས་པ་རེ་ཆགསཔ་ཅིན་ ཀོ་བིཌ་-༡༩ འི་བརྡ་དོན་ལྟེ་བའི་ བརྒྱུད་འཕྲིན་ཨང་༡༠༡༠ ནང་ འབྲེལ་བ་འཐབ་དགོ་ཟེར་ཨིན་པས།

ད་ལས་ཕར་ འགྲོ་འགྲུལ་བཀག་དམ་དེ་ ནམ་ཚུན་བཞག་དགོཔ་ཨིན་ན་དང་ ག་ཏེ་ལུ་ བཞག་དགོཔ་ཨིན་ན་དེ་ ཁ་ཙ་ནུབ་མོ་ཐོན་མི་ ནད་བརྟག་གྲུབ་འབྲས་ལུ་བལྟ་ཞིནམ་ལས་ ཧ་གོ་ཚུགས་ཟེར་ བཤད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *