མི་གྲངས་༡༣ ལུ་ བཤལ་ནད་ཐོབ་ཡོད་པའི་ ངོས་འཛིན།

༉ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཤལ་ནད་ཐོབ་མི་༡༣ ལུ་ རྒྱལ་འཛིན་ནད་གཞི་ཚད་འཛིན་ལྟེ་བ་གིས་ ཞིབ་དཔྱད་འབད་བའི་སྐབས་ ཐིམ་ཕུག་ལྕང་ཟམ་ཏོག་ལུ་ སྒྲིང་ཁྱིམ་ཅིག་ནང་ལས་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ནུག།
བཤལ་ནད་ཐོབ་མི་ཚུ་ སྐྱེས་ལོ་༣ ལས་༥༠ འི་བར་ན་ འབད་མི་ཚུ་ཨིནམ་ད་ དེ་ནང་མང་ཤོས་ཅིག་ སློབ་ཕྲུག་དང་ ནང་གི་ཨམ་ཚུ་ཨིནམ་བཞིན་དུ་ ནད་གཞི་དེ་ འགོ་དང་པ་ཐོབ་པའི་སྐབས་ མགུ་ཏོ་ན་ནི་དང་ གྱང་ཤུགས་རྐྱབ་པའི་ ཉོགས་བཤད་བཀོད་ནུག།
ཁྲག་འབུབ་མཁས་མཆོག་ ཚེ་རིང་རྡོ་རྗེ་གིས་ བཤད་མི་དང་འཁྲིལཝ་ད་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ ནདཔ་༣ ལུ་ བཤལ་ནད་སལ་མོ་ནི་ལ་ པེ་ར་ཏི་ཕི་བི་ཟེར་མི་དེ་ ཐོབ་ནུག་ཟེར་ཨིནམ་ད་ ཤུལ་ལས་འབད་བའི་བསྒང་ལས་ ནདཔ་ཚུ་ག་ར་ ལྕང་ཟམ་ཏོག་གི་ སྒྲིང་ཁྱིམ་ཅིག་ནང་ སྡོད་མི་ཨིན་མས་ཟེར་ཨིན་པས།
རྒྱལ་གཞུང་ནད་གཞི་ཚད་འཛིན་ལྟེ་བའི་ མི་མང་འཕྲོད་བསྟེན་གྱི་ མཁས་མཆོག་ཚུ་གིས་ ཆུ་རྐ་ནང་སོང་ཞིནམ་ལས་ ཆུའི་དཔེ་ཚད་བསྡུ་ལེན་འབད་དེ་ ལྟ་བའི་སྐབས་ ཆུ་ལེགས་བཅོས་མ་འབད་བའི་ སྐྱོན་ཨིནམ་སྦེ་ བདའ་ཟུན་ནུག།
མ་གཞི་ སྒྲིང་ཁྱིམ་དེ་ནང་ སྒེར་གྱི་ཆུ་རྐ་དང་ ཐིམ་ཕུག་ཁྲོམ་སྡེའི་ ཆུ་རྐ་ཡོད་དེ་འབད་རུང་ ཁྲོམ་སྡེ་ལས་ བཀྲམ་སྤེལ་འབད་མི་དེ་གིས་ ལང་མ་ཚུགསཔ་ལས་ སྒེར་གྱི་ཆུ་དེ་ འཐུང་དོ་ཡོདཔ་སྦེ་ཨིན་པས།
རྒྱལ་འཛིན་ནད་གཞི་ཚད་འཛིན་ལྟེ་བ་གིས་ སྒྲིང་ཁྱིམ་དེ་ནང་ བཀྲམ་སྤེལ་འབད་དེ་ཡོད་མི་ སྒེར་གྱི་ཆུ་དེ་ མ་འཐུང་ཟེར་ སླབ་ཡོདཔ་མ་ཚད་ ཆུ་མཛོད་ཀྱི་ཁ་ཏོག་ཚུ་ཡང་ སྒྲིང་སྒྲི་སྦེ་ བསྡམ་བཞག་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་མ་ཚད་ སྒྲིང་ཁྱིམ་དེ་ནང་ སྡོད་མི་ཚུ་གིས་འབད་རུང་ ཆུ་བསྐོལ་ཏེ་འཐུང་ནི་མ་གཏོགས་ ཐད་ཀར་དུ་བཟེད་དེ་ མ་འཐུང་ཟེར་ སླབ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བཤལ་ནད་ཐོབ་མི་ ཨ་ལོ་ཅིག་གི་ཨའི་གིས་ བཤད་མི་དང་འཁྲིལཝ་ད ཁོང་གི་ཁྱིམ་ནང་ ནམ་ར་འབད་རུང་ ཆུ་བསྐོལ་ཏེ་ འཐུང་དོ་ཡོདཔ་ཨིན་རུང་ བཤལ་ནད་དེ་ འབུ་བའི་ནད་གཞི་ཅིག་འབད་ནི་དེ་གིས་ ཁྱིམ་ཚང་ཐོབ་པའི་བསྒང་ལས་ ཁོང་སྦོ་ལོགས་ཁར་སྡོད་མི་ཚུ་ཡང་ ཐོབ་མས་ཟེར་ཨིན་པས།
མོ་གི་ཁྱིམ་ནང་ འགོ་དང་པ་ སྐྱེས་ལོ་༦ འབད་མི་ མོ་རའི་བུ་དེ་ལུ་ མགུ་ཏོ་ན་སྟེ་ ཚདཔ་ཐོན་པའི་སྐབས་ ཚ་རིམས་ཀྱི་ ནད་གཞི་ཐོབ་འདྲས་མནོ་སྟེ་ བཞག་ཡོདཔ་ཨིན་རུང་ སྨན་ཁང་ནང་ བརྟག་དཔྱད་འབད་བལྟ་བའི་བསྒང་ལས་ བཤལ་ནད་ཐོབ་ནུག་ཟེར་ སླབ་དེ་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ མོ་རའི་ ཨ་པ་དང་ རྨགཔ་ལུ་ཡང་ ཐོབ་ཅི་ཟེར་ཨིན་པས།
མོ་གིས་ སྒྲིང་ཁྱིམ་དེ་ནང་སྡོད་དེ་ ལོ་ངོ་༩ ལྷགཔ་ཅིག་ལང་ཡོདཔ་ད་ ད་རེས་ ཆུ་ལས་བརྟེན་ བཤལ་ནད་ཐོབ་མི་དེ་ འགོ་དང་པ་ཨིནམ་སྦེ་ བཤདཔ་ཨིན་པས།
མོ་གིས་ སླབ་མི་དང་འཁྲིལཝ་ད་ ཁོང་གི་སྒྲིང་ཁྱིམ་ནང་སྡོད་མི་ མང་ཤོས་ར་ བཤལ་ནད་ཐོབ་སྟེ་ཡོདཔ་ད་ ད་ལྟོ་ ནདཔ་གཉིས་ སྨན་ཁང་ནང་ར་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༦ ལང་མི་ སློབ་ཕྲུག་བུམོ་ཅིག་ཡང་ ནད་གཞི་དེ་ཐོབ་ཡོདཔ་ལས་ སློབ་གྲྭ་ནང་ མ་འགྱོ་བར་ཉིནམ་༢༠ ལང་ཡོདཔ་ཨིན་པས།
ཨམ་སྲུ་དེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནད་གཞི་དེ་ ཁོང་གི་སྒྲིང་ཁྱིམ་ནང་རྐྱངམ་གཅིག་མེན་པར་ མཐའ་འཁོར་གྱི་ ཁྱིམ་ལ་ལོ་ཅིག་ནང་ཡང་ ཁྱབ་སྤེལ་སོང་ནུག་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བཀའ་རྒྱ་ཁྱོམ་གྱིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཆ་རོགས་འབད་ནི།

༉ ཐིམ་ཕུག་ བཀའ་རྒྱ་ཁྱོམ་ནང་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་ཁུངས་ཀྱི་ རང་བཞིན་སོ་ནམ་དང་སྒོ་ནོར་ཐོན་སྐྱེད་བཙོང་ཁང་གིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གདོང་ལེན་བྱུང་མི་དེ་ སེལ་ཐབས་འབད་ནིའི་དོན་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས། དེ་ཡང་ དར་དཀར་དཔལ་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ དར་དཀར་སོ་ནམ་ཐོན་སྐྱེད་སྡེ་ཚན་གྱི་ རྒྱ་སྐྱེད་བཙོང་ཁང་བཟུམ་ཅིག་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *