གནས་སྟངས་སྐྱོ་དྲགས་ཐལ་མི་ མར་ཚ་ལ་རྒེད་འོག་གི་ མཐུད་སྦྲེལ་ལམ།

མར་ཚ་ལ་རྒེད་འོག་གི་ མཐུད་སྦྲེལ་ལམ་ ཉམས་བཅོས་འབད་དགོཔ།

༉ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་རྒེད་འོག་གི་ མཐུད་སྦྲེལ་ལམ་དེ་ གནས་སྟངས་སྐྱོ་དྲགས་ཐལ་ཡོད་རུང་ ཉམས་བཅོས་མ་འབད་བར་ ཡུན་རིང་སོང་ཡོདཔ་ཨིན་པས།

རྒེད་འོག་མཐུད་སྦྲེལ་ལམ་དེ་ སྤྱི་ལོ་༢༠༡༦ ལུ་ རྩི་ནག་བཏང་བའི་ཤུལ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཉམས་བཅོས་མ་འབད་བར་བཞག་ཡོདཔ་ད་ ལམ་དེ་གིས་ རྒེད་འོག་བདག་སྐྱོང་དེ་ བསམ་གྲུབ་ཆོས་གླིང་དྲུང་ཁག་བདག་སྐྱོང་དང་གཅིག་ཁར་ མཐུད་སྦྲེལ་འབདཝ་ཨིན་པས།

མར་ཚ་ལ་ལས་ གཡུས་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་ཐོན་སྐྱེད་དང་ མཁོ་ཆེ་བའི་ཅ་ཆས་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ འཁོར་ལམ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་བཞིན་དུ་ འཁོར་ལམ་གྱི་ གནས་སྟངས་སྐྱོ་དྲགས་ཐལ་བའི་སྐབས་ སྐྱེལ་འདྲེན་གྱི་འཐུས་ཡང་ ཡར་སེང་འབདཝ་མས་ཟེར་ཨིན་པས།

དེད་གཡོགཔ་ཀུན་ལེགས་ཀྱིས་ སླབ་མིའི་ནང་ འཁོར་ལམ་བདའ་སྟེ་ མི་ཊར་རེའི་ས་ཁོངས་ནང་ ལམ་ཧོག་ཀ་ཐོན་མི་ཚུ་གིས་ སྣུམ་འཁོར་ཆུང་ཀུ་ཚུ་ རྒྱུན་འགྲུལ་འཐབ་ནི་ལུ་ གདོང་ལེན་བྱུང་རུང་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ ཚ་གྱང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༦ དེ་ཅིག་ཁར་ རྩི་ནག་བཏང་མི་ རྒེད་འོག་མཐུད་སྦྲེལ་ལམ་དེ་ ད་རེས་ གནས་སྟངས་སྐྱོ་དྲགས་ཐལ་ཡོདཔ་ལས་ ལམ་དེ་ དྲུང་ཁག་དང་རྒེད་འོག་ རྫོང་ཁག་བདག་སྐྱོང་༣ ལས་ ག་གིས་ཉམས་བཅོས་འབད་ནི་ཟེར་ཨིན་པས།

དེད་གཡོགཔ་གཞན་ བཀྲིས་ཀྱིས་ སླབ་མིའི་ནང་ ལམ་གྱི་གནས་སྟངས་ སྐྱོ་དྲགས་ཐལ་ནི་དེ་གིས་ དྲུང་ཁག་བདག་སྐྱོང་ལས་ རྒེད་འོག་ལྟེ་བའི་ནང་ ལྷོད་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ འགོརཝ་མས་ཟེར་ཨིནམ་ད་ རྩི་ནག་དང་ ཡང་ཅིན་ ཉམས་བཅོས་འབད་ནིའི་ ལོ་རྒྱུས་ར་མེདཔ་ད་ འཕྲལ་འཕྲལ་ར་ སྣུམ་འཁོར་ཉམས་བཅོས་འབད་དགོཔ་ ཐོནམ་མས་ཟེར་ཨིན་པས།

གཡུས་མི་ཚུ་གིས་ སླབ་མིའི་ནང་ འཁོར་ལམ་དེ་ཚུ་ འཕྲོ་མཐུད་ཉམས་བཅོས་འབད་ནིའི་དོན་ལུ་ ལམ་ལུགས་ལེགས་ཤོམ་ཅིག་ དགོཔ་བཞིན་དུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཁོར་ལམ་དེ་ ཉམས་བཅོས་འབད་ནིའི་ དུས་ཚོད་རན་ཡི་ཟེར་ཨིན་པས།

མར་ཚ་ལ་རྒེད་འོག་གི་རྒཔོ་ ཡོན་ཏན་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་མཐུད་སྦྲེལ་ལམ་དེ་ ཉམས་བཅོས་འབད་ནི་རན་རུང་ རྒེད་འོག་བདག་སྐྱོང་གིས་ མ་དངུལ་མེད་མི་ལུ་བརྟེན་ ཧོག་ཀ་བསུབ་ནི་ལ་སོགས་པའི་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་མ་ཚུགས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒེད་འོག་གིས་ དངུལ་ཀྲམ་ས་ཡ་༡.༥ དེ་ཅིག་ བཞག་ཡོདཔ་ལས་ འཕྲལ་མགྱོགས་ར་ ཧོག་ཀ་ཚུ་བསུབ་སྟེ་ རྒྱུན་འགྲུལ་འཐབ་ཚུགསཔ་ བཟོ་ནི་ཨིན་རུང་ གཞུང་གིས་ རྒེད་འོག་གི་ མ་དངུལ་བརྒྱ་ཆ་༣༠ དེ་ཅིག་ བཏོགས་བཏང་ཡོདཔ་ལས་ འཁོར་ལམ་དེ་ ཉམས་བཅོས་འབད་མི་ཚུགས་ནི་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒེད་འོག་ནང་ གོང་འཕེལ་གྱི་ལས་སྣ་གཞན་ཚུ་ འགོ་འདྲེན་འཐབ་དགོཔ་ལས་ ཐད་ཁར་དུ་ འཁོར་ལམ་ཚུ་ལུ་ གཙོ་རིམ་བཟུང་མི་ཚུགས་དོ་ཡོདཔ་བཞིན་དུ་ ཁོང་ལུ་ འཁོར་ལམ་གྱི་ མཁས་མཆོག་ཡང་ མེད་ཟེར་ཨིནམ་ད་ གནད་དོན་དེ་ འཕྲལ་ཁམས་ཅིག་ཁར་འཚོགས་མི་ རྫོང་ཁག་ཚོགས་འདུའི་ནང་ཡང་ གསུང་གྲོས་གནང་ཡི་ཟེར་ཨིན་པས།

ལམ་སེལ་ལས་ཁུངས་ལུ་ མཁས་མཆོག་ཡོད་པའི་ཁར་ ནམ་དགོཔ་ཅིག་ ཉམས་བཅོས་ཚུ་ འབད་དོ་ཡོདཔ་ལས་ འཁོར་ལམ་ཚུ་ ལམ་སེལ་ལས་ཁུངས་འོག་ལུ་ར་བཞག་རུང་ ལེགས་ཤོམ་ཡར་སོཔ་འོང་ནི་མས་ཟེར་ཨིནམ་ད་ ཁོང་ལུ་ འཁོར་ལམ་གྱི་དོན་ལུ་ མ་དངུལ་ལོགས་སུ་མེད་ཟེར་ ཡོན་ཏན་རྡོ་རྗེ་གིས་ བཤདཔ་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ འཁོར་ལམ་ལུ་ མ་དངུལ་ལེ་ཤ་ བགོ་བཀྲམ་འབད་བའི་སྐབས་ རྒེད་འོག་ནང་ གོང་འཕེལ་གྱི་ ལས་སྣ་གཞན་ཚུ་ལུ་ ཐོ་ཕོགཔ་མས་ཟེར་ཨིནམ་ད་ འཁོར་ལམ་དེ་ མཁས་མཆོག་དང་ མ་དངུལ་དང་གཅིག་ཁར་ རྩིས་སྤྲོད་འབད་ཡོད་པ་ཅིན་ ཕན་ཐོགས་བྱུང་བྱུངམ་འོང་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *