ད་རེས་ནངས་པར་ མུ་ཏིག་ཐང་ལུ་ཡོད་མི་ འབྲུག་མར་ཁུ་བཀྲམ་སྤེལ་ཁང་ནང་ མེ་ཊཱོལ་མར་ཁུ་འཐེན་འཕྲུལ་མེདཔ་ ཐལ་མི་ལུ་བརྟེན་ སྣུམ་འཁོར་ཚུ་ མར་ཁུ་བླུག་པར་ ལུང་བསྟན་ཟམ་པ་མར་ཁུ་བཀྲམ་སྤེལ་ནང་ སྤུངས་འཛོམས་འབད་བའི་མཐོང་སྣང་།

མར་ཁུ་དང་ མེ་རླུང་གི་ གོང་ཚད་ཡར་སེང་འགྱོ་བཞིན་དུ་ཡོདཔ།

༉ འཕྲལ་ཁམས་ཅིག་ལས་ སྣུམ་འཁོར་གྱི་ མར་ཁུའི་གོང་ཚད་ འཕྲོ་མཐུད་དེ་ར་ ཡར་འཕར་སོང་ཡོདཔ་ལས་ ཐིམ་ཕུག་ལུ་ པེ་ཊཱོལ་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༨.༨༤ དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༦.༤༡ ལུ་ལྷོད་ནུག།

དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༦ གི་ནུབ་ཕྱེད་ལས་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༡.༧༣ དང་ ཌི་ཟིལ་གྱི་གོང་ཚད་ ཕྱེད་ཀྲམ་༦༦ ཡར་སེང་སོང་ནུག།

ལུང་བསྟན་ཟམ་པ་ལུ་ཡོད་མི་ འབྲུག་མར་ཁུ་བཀྲམ་སྤེལ་ཁང་ནང་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༧.༡༡ ལས་ དངུལ་ཀྲམ་༦༨.༨༤ ལུ་དང་ ཌི་ཟིལ་དེ་ དངུལ་ཀྲམ་༦༥.༧༥ ལས་༦༦.༤༡ ལུ་ ཡར་འཕར་སོང་ནུག།

དུས་ཅི་ སྤྱི་ཟླ་༡ པ་ལས་ཚུར་ མར་ཁུའི་གོང་ཚད་ཚུ་ རྒྱ་ཆེཝ་སྦེ་ར་ ཡར་འཛེགས་སོང་ཡོདཔ་ད་ སྤྱི་ཟླ་༡ པའི་ཚེས་༢༧ ལུ་ མར་ཁུ་བཀྲམ་སྤེལ་ཁང་གིས་ པེ་ཊཱོལ་གྱི་གོང་ཚད་དངུལ་ཀྲམ་༦༡.༧༧ དང་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༥༩.༦༩ སྦེ་ བཙོང་ཡོདཔ་ཨིན་པས།

དུས་ཡུན་ཟླ་ངོ་༡ གི་ནང་ར་ མར་ཁུའི་གོང་ཚད་ཚར་༢ སེང་ཡོདཔ་ད་ དེ་ཡང་ མར་ཁུ་བཀྲམ་སྤེལ་འབད་སའི་རྒྱལ་ཁབ་ རྒྱ་གར་གྱི་ གནས་སྟངས་དང་འཁྲིལ་ འགྱོ་དོ་ཡོདཔ་ད་ འབྲུག་གིས་ རྒྱ་གར་དང་གཅིག་ཁར་ གོང་ཚད་སྐོར་ལས་ གོ་བརྡའི་ཆིངས་ཡིག་བཀོད་དེ་ཡོད་མི་དང་འཁྲིལཝ་ད་ རྒྱ་གར་གྱིས་ བསྟན་རྒྱས་ལྷན་ཁག་ལུ་ ཟླ་རིམ་བཞིན་དུ་ སྤྱི་ཚེས་༡༦ ལུ་ གོང་ཚད་ཡར་མར་འགྱོ་བའི་སྐོར་ བརྡ་བསྐུལ་འབདཝ་ཨིན་པས།

ད་རུང་ བཞེས་སྒོ་འབད་ནིའི་དོན་ལུ་ ལག་ལེན་འཐབ་མི་ མེ་རླུང་གི་ གོང་ཚད་དེ་ཡང་ ཡར་སེང་སོང་སྟེ་ཡོདཔ་ད་ སྤྱི་ཟླ་༣ པའི་ཚེས་༡༧ ཚུན་ཚོད་ རྒྱལ་ས་ལྟེ་བ་ལུ་ ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་རེ་ལུ་ དངུལ་ཀྲམ་༨༢༡ དང་ ཕབ་ཆག་མེད་མི་ལུ་ དངུལ་ཀྲམ་༨༩༣ རེ་ཨིན་པས། 

སྤྱི་ཟླ་༡ པའི་ནང་ ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་ལུ་ གོང་ཚད་དངུལ་ཀྲམ་༧༡༩ དང་ ཕབ་ཆག་མེད་མི་ལུ་ དངུལ་ཀྲམ་༧༨༨ རེ་ གནས་ཡོད་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *