ཁྲིམས་སྲུང་འགག་པའི་ མེ་བསད་སྡེ་ཚན་གྱིས་ མེ་བསད་པའི་བསྒང་།

མཛོད་ཁང་གི་ མེ་རྐྱེན་ནང་ དངུལ་ཀྲམ་ས་ཡ་༡༠༠ ལྷགཔ་ཅིག་གི་ བཟའ་ཆས་འཚིགས་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ མཛོད་ཁང་ལུ་ མེ་རྐྱེན་བྱུངམ་ད་ དངུལ་ཀྲམ་ས་ཡ་༡༠༠ ལྷགཔ་ཅིག་གནས་པའི་ བཟའ་ཆས་ཚུ་ག་ར་ འཚིགས་ཡོདཔ་ཨིན་པས།
མཛོད་ཁང་གི་ ཁང་ཚན་༤ ནང་བཞག་མི་ བཟའ་ཆས་ཀྱི་རིགས་ཚུ་ཡང་ ཤར་ཕྱོགས་རྫོང་ཁག་༦ གི་ ནང་སྡོད་སློབ་གྲྭ་ཚུ་ལུ་ བགོ་བཀྲམ་འབད་ནི་ཨིན་མི་ རྒྱགས་སྐལ་ཚུ་ཨིན་པས།
ཐོག་ཚད་གཉིས་འབད་མི་ ལས་འཛིན་གྱི་ མཛོད་ཁང་ལུ་ མེ་རྐྱེན་བྱུང་པའི་སྐོར་ ལས་འཛིན་གྱི་ ཁང་གཉེརཔ་ནོར་བུ་གིས་ དྲོ་པའི་ཆུ་ཚོད་༢.༧ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་ཚུ་ དེ་འཕྲོ་ལས་ འགག་སྡེའི་མེ་བསད་སྣུམ་འཁོར་དང་གཅིག་ཁར་ ས་ཁོངས་ནང་ སོང་ཡོདཔ་ཨིན་རུང་ མེ་ཤུགས་སྦེ་ར་ འབར་ཡོདཔ་ལས་ བསད་མ་ཚུགས་ཟེར་ཨིན་པས།
འགག་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ མཛོད་ཁང་ནང་ན་ མར་ཁུ་ལེ་ཤ་ཡོད་མི་ལུ་བརྟེན་ མེ་ལྷབ་ལྡིངས་ཡར་སོཔ་ལས་ མེ་རྩ་ལས་ བསད་མ་ཚུགས་པར་ རྒྱ་གར་ཨ་སམ་གྱི་མངའ་སྡེ་ རང་གི་ཡ་ལས་ མེ་བསད་སྣུམ་འཁོར་༢ རྒྱབ་སྐྱོར་ལེན་ཡོདཔ་མ་ཚད་ འབྲུག་ས་གཏེར་དང་ ཁྲོམ་སྡེ་གིས་ཡང་ སྣུམ་འཁོར་ཊེང་ཀར་གྱི་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ མེ་དེ་ དུས་ཡུན་ཆུ་ཚོད་༥ དེ་ཅིག་གི་རྒྱབ་ལས་རྐྱངམ་གཅིག་ བསད་ཚུགས་ཡོད་རུང་ ཁ་ཙ་ཕྱི་རུ་ཚུན་ཚོད་ དོས་ཁང་ནང་ན་ མེ་འབར་ཏེ་ར་ཡོདཔ་ལས་ བསད་པའི་བསྒང་ཡོདཔ་བཞིན་དུ་ ཅ་ཆས་ཚུ་ ག་ནི་ཡང་ ཉེན་སྲུང་འབད་མ་ཚུགས་ཟེར་ ཁྲིམས་སྲུང་འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་དེ་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ ཤེས་མ་ཚུགསཔ་ཨིན་རུང་ གློག་མེ་ཨེམ་སི་བི་རྙིངམ་ཅིག་ ཡོད་མི་དེ་ལས་ བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།


འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མཛོད་ཁང་ནང་ དངུལ་ཀྲམ་ས་ཡ་༡༠༠ དེ་ཅིག་གནས་པའི་ ཤར་ཕྱོགས་རྫོང་ཁག་༦ གི་ ནང་སྡོད་སློབ་གྲྭ་ཚུ་ལུ་ བཀྲམ་སྤེལ་མ་འབད་བར་ བཞག་ཡོད་མི་ རྒྱགས་སྐལ་ཆུམ་དང་ མར་ཁུ་ ཚྭ་ལ་སོགས་པ་ཚུ་ག་ར་ མེ་གིས་ འཚིགས་ཚར་ནུག་ཟེར་ཨིན་པས།
ཁང་གཉེརཔ་ནོར་བུ་གིས་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ མེ་རྐྱེན་དེ་ གློག་མེའི་མཁོ་ཆས་ ཨེམ་སི་བི་ལས་ བྱུང་ཡོད་པའི་ དོགས་པ་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མེ་དེ་ དོས་ཁང་གི་ནང་ན་ལས་ འབར་ཡོདཔ་ལས་ ག་ཏེ་ལས་ ཟུན་ཡོདཔ་ཨིན་ན་ སླབ་མི་ཤེསཔ་ལས་ ཞིབ་དཔྱད་མཐིལ་ཕྱིན་ འབད་འོང་ཟེར་ཨིན་པས།
འགག་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ལྟོའི་ སྲུང་རྒྱབ་པའི་ སྒོ་ར་དེ་ མཛོད་ཁང་ལས་ མི་ཊར་༥༠ དེ་ཅིག་གི་ས་ཁར་ཡོདཔ་ལས་ དོས་ཁང་གི་ སྦོ་ལོགས་ཁར་རྐྱབ་སྟེ་ དུས་ཡུན་ཆུ་ཚོད་༢༤ གི་རིང་ སྲུང་རྒྱབ་བཙུགས་དགོ་པའི་ཁར་ པར་ཆས་སི་སི་ཊི་བི་ཚུ་ཡང་ བཙུགས་པ་ཅིན་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ མཛོད་ཁང་དང་ བཟའ་ཆས་ཚུ་གི་དོན་ལུ་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་དང་གཅིག་ཁར་ ཉེན་བཅོལ་འབད་དེ་ཡོདཔ་ཨིན་རུང་ མ་དངུལ་ག་དེམ་ཅིག་གི་ ཉེན་བཅོལ་འབད་ཡོདཔ་ཨིན་ན་ ཁ་ཙ་ གནས་སྡུད་ཐོབ་མ་ཚུགས་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

ལྗིད་ཚད་འཐུ་ནིའི་ནང་ བཅའ་མར་གཏོགས་མི་གངམ་མེདཔ།

༉ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ལྗིད་ཚད་འཐུ་ནི་དེ་ འགོ་དང་པ་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོད་རུང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་ མི་འཐོན་དོ་ཡོདཔ་ཨིན་པས། ལྗིད་ཚད་འཐུ་ནིའི་ སློབ་སྟོན་པ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ …

Leave a Reply

Your email address will not be published. Required fields are marked *