མཛོག་ཁྱད་སྡེ་ཕྲན་ནང་ སྦྱང་བ་འབད་མི་ ན་གཞོན་༧༠ ཡོདཔ་ཨིན་པས།

མཛོག་ཁྱད་རྩེདམོ་ལུ་ སྤྲོ་བ་བསྐྱེད་མི་ ན་གཞོན་མང་སུ་ཐོན་དོ་ཡོདཔ།

༉ སྐྱེས་ལོ་༡༦ ལང་མི་ ཚེ་རིང་སྒྲོལ་དཀར་དེ་ སློབ་གྲྭའི་དུས་ཚོད་ཚངམ་ཅིག་ ཐིམ་ཕུག་ལྕང་གླིང་མི་ཐང་ཁ་ཐུག་ལུ་ འགྱོ་ནི་དེ་ མོ་རའི་ དུས་རྒྱུན་གྱི་ ལས་སྣ་ཅིག་ཨིན་མས།

མོ་ར་ ལྕང་གླིང་མི་ཐང་ནང་ ཕུཊ་བཱོལ་དང་ ཊེ་ནིསི་ བེཌ་མེན་ཊཱེན་ལ་སོགས་པ་རྩེ་བར་ འགྱོཝ་མེད་པར་ མོ་རའི་རྩེདམོ་དགའ་ཤོས་ མཛོག་ཁྱད་བརྗེ་ནིའི་ སྦྱང་བ་འབད་བར་ འགྱོཝ་ཨིན་པས།

ལྕང་སྒང་ཁ་འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ ཚེ་རིང་སྒྲོལ་དཀར་གྱིས་ དུས་རྒྱུན་དུ་ ཕྱི་རུའི་ཆུ་ཚོད་༥.༣༠ ལས་༧ ཚུན་ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ས་ཁོངས་ནང་ སྦྱང་བ་འབད་དེ་ ཧ་ལམ་ ལོ་༢ དེ་ཅིག་ ལང་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ མཛོག་ཁྱད་དེ་ རྩེདམོ་གཞན་དང་ཕྱདཔ་ད་ རང་རྐྱང་གི་རྩེདམོ་འབདཝ་ལས་ མ་འོངས་པར་ ལཱ་གཡོག་འཐོབ་ནིའི་ འོས་འབབ་མཐོངམ་མ་ཚད་ གདོང་ཐུག་འབད་དགོཔ་འཐོན་རུང་ རང་གིས་རང་ལུ་ ཉེན་སྐྱོབ་འབད་ཚུགས་ནི་མས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ རྩེདམོ་དེ་ལུ་ མོ་རའི་ཕམ་དང་ ཆ་རོགས་ཚུ་གིས་ རྒྱབ་སྐྱོར་འབདཝ་ལས་ ཧེང་སྐལ་ར་ སྤྲོ་བ་བྱུངམ་མས་ཟེར་ཨིན་པས།

ཚེ་རིང་སྒྲོལ་དཀར་བཟུམ་སྦེ་ མཛོག་ཁྱད་རྩེདམོ་ལུ་ སྤྲོ་བ་བསྐྱེད་མི་ ན་གཞོན་གཞན་༦༩ ཡོད་མིའི་གྲས་ལས་༡༢ བུམོ་ཨིནམ་ད་ ཁོང་ག་ར་ སྐྱེས་ལོ་༡༠ ལས་༢༠ འི་བར་ན་འབད་མི་ཚུ་ ལོ་ཚད་དང་འཁྲིལ་ དབྱེ་སྡེ་སོ་སོའི་ནང་ སྦྱང་བ་འབདཝ་ཨིན་པས། 

སྦྱང་བ་འབད་མི་ཚུ་གིས་ སྤྱི་ཟླ་༨ པའི་ཚེས་༢༨ དང་༢༩ ལུ་ ཐིམ་ཕུག་སྦས་སྦིས་ན་ལུ་ བསྟན་སྲུང་དམག་སྡེའི་ མཛོག་ཁྱད་འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་ཨིན་པས།

མཛོག་ཁྱད་སྦྱོང་བརྡར་དེ་ཡང་ སློབ་སྟོན་པ་ སེངྒེ་ཕུརཔ་གིས་ བྱིན་དོ་ཡོདཔ་ད་ སྐྱེས་ལོ་༣༧ ལང་མི་ སློབ་སྟོན་པ་དེ་ སྤྱི་ལོ་༢༠༡༦ ལུ་ བསྟན་སྲུང་དམག་སྡེ་ནང་ལས་ དགོངས་ཞུ་འབད་བའི་ཤུལ་ལུ་ མཛོག་ཁྱད་སྡེ་ཕྲན་ གཞི་བཙུགས་འབད་ཡོདཔ་ཨིན་པས།

སེངྒེ་ཕུརཔ་དེ་ དམག་མིའི་ནང་ མཛོག་ཁྱད་བརྗེ་མི་ཨིནམ་ལས་ ལུང་ཕྱོགས་དང་ རྒྱལ་སྤྱི་རྩེད་འགྲན་༡༠ དེ་ཅིག་ནང་ བཅའ་མར་གཏོགས་ཏེ་ རྟགས་མ་ལེ་ཤ་ཐོབ་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མཛོག་ཁྱད་སྡེ་ཕྲན་གཞི་བཙུགས་འབད་མི་དེ་ཡང་ དང་འདོད་ཅན་གྱི་ ན་གཞོན་ཚུ་ བྱ་ངན་ཚུ་ནང་ གྲལ་གཏོགས་མ་འབད་བར་ རྩེདམོ་དེ་ནང་ འབྲེལ་འཛིན་སྦེ་ བཞག་ཐབས་ལུ་དམིགས་ཏེ་ཨིན་ཟེར་ཨིན་པས།

མཛོག་ཁྱད་ཀྱི་ སྦྱང་བ་འབད་མི་ཚུ་གིས་ མཛོག་ཁྱད་སྡེ་ཕྲན་ལུ་ ཟླ་རིམ་བཞིན་དུ་ འཐུས་དངུལ་ཀྲམ་༧༠༠ རེ་ སྤྲོད་དོ་ཡོད་པའི་གནས་ཚུལ། 

པདྨ་ཆོས་སྐྱིད།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *