སྨན་ཁང་ནང་ དུས་ཚོད་མང་ཤོས་ར་ ཐུན་གྱི་དཔེ་ཆ་ལྷག་སྡོད་མི་ མགོན་པོ།

མཛེ་ནད་ཐོབ་མི་ ཨ་རྒས་ཁོ་ར་རྐྱངམ་གཅིག་ སྨན་ཁང་ནང་ སྡོད་དོ་ཡོདཔ།

༉ མགོན་པོ་གིས་ རྐང་ཁྲི་འཁོར་ལོ་ཅནམ་གུ་སྡོད་དེ་ རྐངམ་གིས་འདྲུད་ཐོག་ལས་ བཀྲིས་གཡང་རྩེ་སྨན་ཁང་ནང་ནའི་ བར་ལམ་བདའ་སྟེ་ ཕར་ཚུར་འགྱོ་སར་ མཐོང་གསལ་བྱུངམ་ཨིན་པས།
འབུམ་སྡེ་གླིང་ལས་ སྐྱེས་ལོ་༨༦ ལང་མི་ མགོན་པོ་དེ་ སྨན་ཁང་དེ་ནང་ མཛེ་ནད་ཀྱི་ ནདཔ་ཅིག་ཨིནམ་ད་ ཁོ་ར་ སྨན་ཁང་ནང་ནམ་ལས་ ལྷོད་ཡོདཔ་ཨིན་ན་ ཏན་ཏན་སྦེ་ཤེས་མི་ ག་ཡང་མེདཔ་ཨིན་རུང་ དེ་སྦེ་ལྟཝ་ད་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་ ལང་དོ་བཟུམ་མཐོངམ་ཨིན་པས།
སྨན་ཁང་དེ་ནང་ཡོད་མི་ ནདཔ་གཞན་ཚུ་ལུ་ ནད་གཡོག་རྒྱུག་མི་དང་ ནདཔ་བལྟ་བར་ འོང་སར་མཐོངམ་ཨིན་རུང་ ད་ཚུན་གྱི་བར་ན་ མགོན་པོ་བལྟ་བར་ མི་ཕུད་རྡོག་གཅིག་ཡང་ མ་འོང་པས།
ཁོ་ ཧེ་མ་ ད་རེས་བཟུམ་སྦེ་མེན་པར་ ཕོ་སྐྱེས་ལྕོགས་གྲུབ་ཅན་ཅིག་སྦེ་ སྡོད་ཅི་ཟེར་ མགོན་པོ་གིས་ བློ་ལྡབ་ལྡིབ་སྦེ་ སླབ་ཨིན་པས།
མགོན་པོ་གིས་ ཁོ་རའི་ལོ་རྒྱུས་བཤདཔ་ད་ མིག་ཏོ་དམར་ཚེ་ཚེ་འབད་མིའི་ནང་ལས་ མིག་ཆུ་ཐོནམ་ད་ མཛུབ་མོ་ཆད་སོང་མི་ ལག་དུམ་གྱིས་ འཕྱག་བཀོཝ་བཞིན་དུ་ ཁོ་གི་ མིག་ཏོ་གཡོན་པ་དེ་ ཆ་ཤས་ཅིག་ མིག་ཞརཝ་ཐལ་ཡོདཔ་མ་ཚད་ སོ་ག་ར་འབུད་སོ་ནུག།
ཁོ་གིས་ དྲན་ཚོར་འབད་མིའི་ནང་ ཁོ་ར་ སྐྱེས་ལོ་༢༤ ལངམ་ད་ རྐང་ཚིགས་ལག་ཚིགས་ན་ནི་ འགོ་བཙུགས་ཡོདཔ་མ་ཚད་ ནད་རྟགས་ཐོནམ་ད་ རྒྱ་གར་གྱི་མངའ་སྡེ་ ཨ་རུ་ན་ཅཱལ་པར་དེཤ་ལུ་ དྲུང་འཚོ་ཚུ་དང་ གྲོས་བསྟུན་འབད་བར་ སོང་ཡི་ཟེར་ཨིནམ་ད་ དེ་བསྒང་ ང་གིས་ ལམ་ལེགས་ཤོམ་སྦེ་ འགྱོ་ཚུགསཔ་མ་ཚད་ ལགཔ་གཉིས་ཆ་ར་ ལཱ་འབད་བཏུབ་ཟེར་ མགོན་པོ་གིས་ བཤདཔ་ཨིན་པས།
དེ་ལས་ ཁོ་གི་ གཟུགས་པགས་གུ་ རྨ་ཐོན་པའི་ཤུལ་ལུ་ ལག་ཚིགས་ཀྱི་ ཚོར་བ་ཉམས་འགྱོ་ནི་ འགོ་བཟུགས་ཡོདཔ་མ་ཚད་ ལོ་ངོ་དག་པ་ཅིག་གི་ཤུལ་ལས་ ཁོ་གི་རྐངམ་གཡསཔ་ཡང་ ཅོག་འཐདཔ་སྦེ་ན་ནི་ འགོ་བཙུགས་ཡོདཔ་ད་ ཁོ་གིས་ མོང་སྒར་སྨན་ཁང་ནང་ བརྟག་དཔྱད་འབད་བར་སོང་ཡོདཔ་ལས་ དེ་བསྒང་ ཌོག་ཊར་ཚུ་གིས་ ཁོ་གི་རྐངམ་གཡས་པའི་ མཛུབ་མོ་ཚུ་ བཏོག་མ་བཏང་པ་ཅིན་ རྨ་དེ་ཚུ་ ཁོ་གི་གཟུགས་ལུ་ ཁྱབ་སྤེལ་འགྱོ་ནི་གི་ ཉེན་ཁ་འདུག་ཟེར་ སླབ་ཡོདཔ་ཨིན་པས།
མགོན་པོ་དེ་ ཐིམ་ཕུག་སྒྱིད་དར་གོངམ་སྨན་ཁང་ནང་ བཏང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཁོ་ ས་གནས་གསརཔ་ནང་ སྡོད་མ་ཚུགསཔ་ལས་ ལོག་སྟེ་བཀྲིས་གཡང་རྩེ་ལུ་ འོང་ཡི་ཟེར་ཨིན་པས།
ཁོ་ར་ བཀྲིས་གཡང་རྩེ་ལས་འབད་ནི་དེ་གིས་ ནཱ་ར་ སེམས་སྐྱིད་ཏོང་ཏོ་འོངམ་མས་ཟེར་ མགོན་པོ་གིས་ བཤདཔ་ཨིན་པས།
མགོན་པོ་དེ་ དུས་ཚོད་མང་ཤོས་ ཁོ་རའི་ཁང་མིག་ནང་ སྡོད་དོ་ཡོདཔ་ད་ ཁོ་གི་ དུས་ཚོད་མང་ཤོས་ར་ ཉལ་ཁྲི་གུ་ ཐུན་གྱི་དཔེ་ཆ་ ལྷག་སྡོདཔ་ཨིན་པས།
ད་རེས་བཟུམ་མའི་ གནས་སྟངས་ནང་ལྷོདཔ་ད་ ཁོ་ལུ་ ལྕོགས་གྲུབ་ཟེར་རུང་ ཁ་ཐུན་གཏང་ནི་རྐྱངམ་གཅིག་ཨིནམ་མ་ཚད་ མི་གཞན་བཟུམ་སྦེ་ ཁོ་ཡང་ ཤི་ནི་ལུ་ འདྲོག་ཡོདཔ་ལས་ གྲ་སྒྲིག་འབད་དགོ་པས་ཟེར་ མགོན་པོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ བཀྲིས་གཡང་རྩེ་སྨན་ཁང་གི་ འཛིན་སྐྱོང་དང་ ལས་གཡོགཔ་ཚུ་གིས་ ཆ་རོགས་གང་དྲག་འབད་མི་དེ་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
ངེད་ཀྱི་ཚ་གྱང་དེ་ར་ ཁོ་ཤིཝ་ད་ དགེ་རྩ་སྒྲུབ་མི་ག་ཡང་ མི་འོང་ནི་མས་ཟེར་ མགོན་པོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

རྒྱལ་ཁབ་ནང་ དཔུང་ཤུགས་འགྲན་བསྡུར་ཐེངས་༡ པ་ འགོ་འདྲེན་འཐབ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ལས་ སྐྱེས་ལོ་༣༨ ལང་མི་ ལྷཔ་ཅུ་གིས་ ལག་པའི་དཔུང་ཤུགས་འགྲན་བསྡུར་ འགོ་འདྲེན་འཐབ་མིའི་ནང་ལས་ ཨང་དང་པ་ ཐོན་ཡོདཔ་ཨིན་པས། ཁོ་གིས་ མཐའ་བཅད་འགྲན་བསྡུར་དང་ མོང་སྒར་ལས་ སྐྱེས་ལོ་༢༩ ལང་མི་ པདྨ་དབང་འདུས་དང་གཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *