མཚོ་ཕང་མ་རྡོ་སོལ་གྱི་ ས་བརྐོ་འཕྲུལ་ཆས་ཚུ་ གླར་སྤྱོད་འབད་ནིའི་ དུས་ཚོད་ཕར་འགྱངས།

༉ ཁ་ཙ་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ གཞུང་གི་བཀོད་རྒྱ་དང་འཁྲིལ་ པདྨའི་འདོད་འབྱུང་ཀུན་ཕན་སྒེར་སྡེ་ཚད་འཛིན་ལས་ ས་བརྐོ་འཕྲུལ་ཆས་ཚུ་ གླ་ཁར་ལེན་ནིའི་ དུས་ཚོད་ཕར་འགྱངས་འབད་མི་ལུ་ བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ མི་སེར་ཚུ་ སེམས་དགའ་ནུག།

གཞུང་གིས་ བཀོད་རྒྱ་བྱིན་མི་དེ་ཡང་ པདྨའི་འདོད་འབྱུང་ཀུན་ཕན་སྒེར་སྡེ་ཚད་འཛིན་ ༼ཚད་འཛིན༽གྱིས་ སྤྱི་ཟླ་༢ པའི་ཚེས་༡ ལུ་ ལས་འཛིན་གྱིས་ མཚོ་ཕང་མའི་ རྡོ་སོལ་ཕྱིར་བཏོན་ལཱ་གི་དོན་ལུ་ རིན་བསྡུར་འབད་མི་དེ་ ཆ་མེད་གཏང་དགོཔ་སྦེ་ བློན་ཆེན་ལུ་ ཞུ་ཡིག་ཕུལ་བའི་ཤུལ་ལས་ཨིན་པས།

ཚད་འཛིན་གྱིས་ བློན་ཆེན་ལུ་ཕུལ་མི་ ཡི་གུ་དང་འཁྲིལཝ་ད་ ལས་འཛིན་གྱིས་ མཚོ་ཕང་མའི་ རྡོ་སོལ་ཕྱིར་བཏོན་གྱི་དོན་ལུ་ ས་བརྐོ་འཕྲུལ་ཆས་གླ་ཁར་ལེན་ནིའི་ རིན་བསྡུར་འབད་མི་ལུ་ སེམས་མ་དགའ་ཟེར་ བཀོད་ཡོདཔ་ད་ ལས་འཛིན་གྱིས་ ཁས་བླངས་འབད་ཡོདཔ་བཞིན་ རིན་བསྡུར་ཆ་མེད་བཏང་ཐོག་ ལཱ་དེ་ ས་གནས་ཀྱི་ མི་སྡེ་ལུ་ སྤྲོད་ཐབས་ཡོད་པའི་ བཀའ་རྒྱ་གནང་དགོཔ་སྦེ་ ཞུ་བ་ཕུལ་ནུག། 

རྡོ་སོལ་ཕྱིར་བཏོན་ལཱ་དེ་གིས་ མི་སྡེ་ཚུ་ལུ་ གནོད་པ་སྦོམ་ བྱུང་ཡོདཔ་བཞིན་དུ་ ལཱ་དེ་ མི་སྡེ་ལུ་ སྤྲོད་པ་ཅིན་ རྒུད་འཐུས་བཟུམ་ཅིག་དང་ མི་ཚེའི་གནས་སྟངས་ཡར་དྲག་གཏང་ནིའི་ ཐབས་ལམ་བཟུམ་ཅིག་ འོང་ནི་ཨིནམ་མ་ཚད་ དངུལ་ཐོག་ཚུ་ལུ་ གནོད་སྐྱོན་བྱུང་ཡོདཔ་ལས་ དཔལ་འབྱོར་ལུ་ཡང་ ཐོ་ཕོག་སྟེ་ཡོད་ཟེར་ ཡི་གུ་ནང་བཀོད་ནུག།

ལས་འཛིན་གྱིས་ མཚོ་ཕང་མའི་ རྡོ་སོལ་ཕྱིར་བཏོན་གྱི་ ས་བརྐོ་འཕྲུལ་ཆས་གླ་ཁར་ལེན་ནིའི་དོན་ལས་ རིན་བསྡུར་འབད་མི་ལུ་ སེམས་མ་དགའ་ཟེར་ ཚད་འཛིན་གྱི་ ཡི་གུ་ནང་ བཀོད་པའི་ཁར་ ལས་འཛིན་གྱིས་ རིན་བསྡུར་འབད་མི་དེ་ མི་སྡེ་གིས་ མ་དངུལ་ལངམ་སྦེ་ བསྡུ་ལེན་འབད་མ་ཚུགས་མི་ལུ་བརྟེན་ཨིན་ཟེར་ སླབ་མི་དེ་ མི་བདེན་ཟེར་བཀོད་ནུག།

རྒྱལ་ཁམས་ས་གཏེས་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་གྱིས་ དུས་ཅི་སྤྱི་ཟླ་༢ པའི་ནང་ ད་ལྟོའི་ཁག་འབགཔ་དེ་ མཇུག་བསྡུ་བའི་ཤུལ་ལུ་ རྡོ་སོལ་གྱི་ལཱ་དེ་ མི་སྡེ་ལུ་ སྤྲོད་ནི་སྦེ་ སླབ་ཡོདཔ་མ་ཚད་ ན་ཧིང་ སྤྱི་ཟླ་༡ པའི་ཚེས་༡༣ ལུ་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ཡང་ ལཱ་དེ་ མི་སྡེ་ལུ་ སྤྲོད་ནི་སྦེ་ སླབ་ཅི་ཟེར་བཀོད་ནུག། 

པདྨ་དགའ་ཚལ་མཁོ་ཐག་པའི་ ལམ་ལུགས་དེ་ ལག་ལེན་འཐབ་ནི་ཟེར་ སླབ་ཡོདཔ་མ་གཏོགས་ ཧེ་མའི་ ཡི་གུ་ཚུ་ནང་ དངུལ་ཀྲམ་ས་ཡ་༡༨༩ དེ་ཅིག་ བསྡུ་ལེན་འབད་དགོཔ་སྦེ་ མ་སླབ་ཟེར་ཨིནམ་ད་ མཁོ་ཐག་པ་དང་ཁག་འབགཔ་ ཡང་ཅིན་ ལས་འཛིན་གྱི་ ཁྲིམས་ལུགས་ཚུ་ནང་ བློ་གཏད་མ་དངུལ་དང་ ལཱ་གི་ཉེན་སྲུང་མ་དངུལ་སྐོར་མ་གཏོགས་ འཁོད་དེ་མིན་འདུག་ཟེར་ ཡི་གུའི་ནང་བཀོད་ནུག། 

ཁ་ཙ་ ལས་འཛིན་གྱིས་ སྒེར་སྡེ་ཚད་འཛིན་ལུ་བྱིན་མི་ ཡི་གུ་དང་འཁྲིལཝ་ད་ ལས་འཛིན་ལུ་ གླ་ཁར་ལེན་ནིའི་དོན་ལས་ ཚད་འཛིན་གྱིས་ འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་དགོཔ་མ་ཚད་ འཕྲུལ་ཆས་ཤུགས་ཚད་༣༤༠ འབད་མི་ ས་བརྐོ་འཕྲུལ་ཆས་གསརཔ་༤ དང་ ཤུགས་ཚད་༡༤༠ འབད་མི་ ས་བརྐོ་འཕྲུལ་ཆས་གསརཔ་༡༨ དེ་ལས་ ཝིལ་ལོ་ཌར་ཟེར་ དོས་བཀལ་མི་ སྣུམ་འཁོར་ཤུགས་ཚད་༡༣༠ འབད་མི་ གསརཔ་༥ ཐོ་བཀོད་འབད་ཡོད་པའི་ ཡིག་ཆ་ཚུ་ སྤྱི་ཟླ་༣ པའི་ཚེས་༢༢ ལུ་ སྤྲོད་དགོ་ཟེར་ཨིན་པས།

ཡི་གུའི་ནང་ སྒེར་སྡེ་ཚད་འཛིན་གྱིས་ ལས་འཛིན་གྱིས་བཟོ་མི་ དབྱེ་ཁག་ཆ་ཤས་ཅིག་གྲུབ་རུང་ ཁས་ལེན་མི་འབད་ནི་དང་ ལས་འཛིན་གྱིས་ ཉེན་ཁ་ཡང་ མི་འབག་ཟེར་ཨིནམ་ད་ ལས་འཛིན་གྱིས་ མཚོ་ཕང་མའི་ རྡོ་སོལ་ལཱ་གི་དོན་ལུ་ རིན་བསྡུར་འབད་ཡོདཔ་ལས་ ག་དེམ་ཅིག་སྦེ་ སྒེར་སྡེ་ཚད་འཛིན་གྱིས་ དབྱེ་ཁག་ཚུ་ འགྲུབ་མ་ཚུགས་པ་ཅིན་ རིན་བསྡུར་ཕར་འགྱངས་འབད་མིའི་ ཉེན་ཁ་དང་ འགན་འཁྲི་ཚུ་ ཁོང་གིས་ར་ འབག་དགོ་ཟེར་བཀོད་ནུག།

པདྨའི་འདོད་འབྱུང་ཀུན་ཕན་སྒེར་སྡེ་ཚད་འཛིན་གྱི་ཁྲི་འཛིན་ བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ ཚད་འཛིན་གྱིས་ འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ གཞུང་དང་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ དུས་ཚོད་ཕར་འགྱངས་འབད་བྱིན་མི་ལུ་ དགའ་ཚོར་ཡོད་ཟེར་ཨིན་པས།

ཁོང་གིས་ ཕུན་ཚོགས་གླིང་གི་ ས་བརྐོ་འཕྲུལ་ཆས་ བཀྲམ་སྤེལ་འབད་མི་ ཊི་སི་ཌི་སྒེར་སྡེ་དང་ རྒྱ་གར་ཀོལ་ཀཱ་ཊའི་ འཕྲུལ་བཟོ་སྐྲུན་འབད་མི་ ལས་སྡེ་གཅིག་ཁར་ཡང་ འབྲེལ་བ་འཐབ་ཡོདཔ་ལས་ འཕྲལ་མགྱོགས་ར་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་སྟེ་ འཕྲུལ་ཆས་མཁོ་སྒྲུབ་འབད་ནིའི་ གྲ་སྒྲིག་འབད་ནི་ཨིནམ་བཞིན་དུ་ འཕྲུལ་ཆས་བཀྲམ་སྤེལ་ལས་སྡེ་ལས་ ངོས་ལེན་ཡི་གུ་ཡང་ ཐོབ་ཅི་ཟེར་ བསོད་ནམས་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *