མཚོ་གླིང་མཁར་རྒཔོ་ལུ་ ཉེས་བྱ་བཀལ་ཡོདཔ།

༉ རྩི་རང་མཚོ་གླིང་མཁར་རྒཔོ་ པ་སངས་ཐིང་ཏ་མང་གིས་ སྤྱི་ཟླ་༣ པའི་ཚེས་༣ ལུ་ རྒེད་འོག་གདམ་ངོའི་འཛོམས་འདུ་ནང་ རྒྱལ་ཡོངས་ཚོགས་སྡེའི་ དང་འདོད་ཅན་གྱི་ མི་ངོམ་ཅིག་ལུ་ རྒྱབ་སྐྱོར་འབད་བའི་ དོགས་གཞི་བྱིན་པའི་ གནད་ལུ་བརྟེན་ སྤྱི་ཟླ་༣ པའི་ཚེས་༡༥ ལུ་ རྫོང་ཁག་བཙག་འཐུ་ཉོགས་སེལ་ཚོགས་ཆུང་གིས་ རྒཔོ་ལུ་ ཉེས་བྱ་དངུལ་ཀྲམ་༣,༧༥༠ བཀལ་ནུག།
གདམ་ངོའི་འཛོམས་འདུ་ནང་ ཚོགས་རྒྱན་༤༣ ཐོབ་སྟེ་ གདམ་ངོ་གྲུབ་མ་ཚུགས་མི་ རམ་ཀུ་མར་ ནིའུ་པ་ནི་གིས་ སྤྱི་ཟླ་༣ པའི་ཚེས་༥ ལུ་ ཉོགས་སེལ་ཚོགས་ཆུང་ནང་ གནད་དོན་ཁག་༥ ཐོག་ལུ་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་ད་ ཚོགས་ཆུང་གིས་ རྒཔོ་དེ་ལུ་ བཙག་འཐུ་འགོ་འདྲེན་འཐབ་རན་མི་དེ་ནང་ དོ་འགྲན་འབད་མི་ འདེམས་ངོ་གང་རུང་ལུ་ རྒྱབ་སྐྱོར་གྲངས་སུ་ཚུད་པའི་ གཞི་ཁུངས་དང་ དགའཝ་མ་དགའཝ་ རྒྱབ་འགལ་གྱི་ དོགས་གཞི་ལ་སོགས་པ་ བྱིན་ནི་དང་ འབྲེལ་འཛིན་འབད་ནི་ཚུ་ལས་ འཛེམ་དགོ་པའི་ ཉེན་བརྡ་ཡང་བྱིན་ནུག།
བཙག་འཐུ་ཉོགས་སེལ་ཚོགས་ཆུང་གིས་ གྲོས་ཆོད་བཏོན་མི་དང་འཁྲིལཝ་ད་ ཉོགས་བཤད་བཙུགས་མི་ རམ་ཀུ་མར་ ནིའུ་པ་ནི་ལུ་ཡང་ ཉེན་བརྡ་འབད་མི་དེ་ཡང་ ཉོགས་སེལ་ཚོགས་ཆུང་ལུ་ ཁོ་གིས་ ཐད་ཀར་དུ་ ཉོགས་བཤད་མ་བཀོད་པར་ འགན་འཁྲི་འབག་པའི་བསྒང་ཡོད་མི་ རྒཔོ་དེ་ལུ་ གུས་ཞབས་དང་ དབང་ཚད་ལུ་ དྲི་བཀོད་འབད་མི་ལུ་བརྟེན་ཨིན་པས།
རམ་ཀུ་མར་ ནིའུ་པ་ནི་གིས་ ཁ་ཉེས་བཀལ་མི་དེ་ནང་ རྒཔོ་དེ་གིས་ ཁོ་གི་སྐོར་ལས་ མ་བདེན་པའི་ བརྡ་དོན་ཚུ་ ཁྱབ་སྤེལ་འབད་ནུག་ཟེར་ཨིནམ་ད་ རྒཔོ་གིས་འབད་བ་ཅིན་ ཁོ་རའི་འགན་ཁུར་དང་འཁྲིལ་ ཚོགས་རྒྱན་བཙུགས་མི་ཚུ་ འཛོམས་འདུ་ནང་ འོང་དགོཔ་སྦེ་ སླབ་ཡོདཔ་མ་གཏོགས་ གཞན་ག་ནི་ཡང་ སླབ་སླབ་མེད་ཟེར་ཨིན་པས།
རྒཔོ་གིས་ ནང་གསུག་དངུལ་ཀྲམ་༢༥,༠༠༠ དགོ་པའི་སྐོར་ལས་ཡང་ སླབ་ཡོད་པའི་ ཁ་ཉེས་བཀལ་ཡོད་རུང་ རྒཔོ་གིས་འབད་བ་ཅིན་ དེ་བཟུམ་བློ་འདོད་བཀོད་བཀོདཔ་མེདཔ་ལས་ ཏི་རུ་བསྐྱི་གེ་ཟེར་རྐྱངམ་གཅིག་ སླབ་དེས་ཟེར་ གྲོས་ཆོད་ནང་བཀོད་ནུག།
མཚོ་གླིང་མཁར་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་གྲུབ་མི་ སངས་རྒྱས་ཏ་མང་གིས་ སླབ་མིའི་ནང་ ཁོ་ར་ རྒཔོ་དང་གཅིག་ཁར་ བརྩེ་གདུང་དང་ འདུ་ཤེས་ དེ་ལས་ འབྲེལ་གནད་ག་ནི་ཡང་མེད་ཟེར་ཨིན་པས།
ད་རུང སྤྱི་འོག་དེ་ལས་ མི་ཅིག་གིས་ ཁོ་གི་རྒྱབ་སྐྱོར་སྦེ་ སླབ་མིའི་ནང་ སངས་རྒྱས་ཏ་མ་དང་ རྒཔོ་གི་བར་ན་ མཐུན་འབྲེལ་ལེགས་ཤོམ་མེདཔ་མ་ཚད་ ཧེ་མ་ སངས་རྒྱས་ཏ་མང་གི་ ཨ་པ་དང་ རྒཔོ་༢ ཀྱི་བར་ན་ འཐབ་འཛིང་བྱུངམ་ལས་ གཅིག་གིས་གཅིག་ལུ་ ལགཔ་བཀལ་ནི་ར་ འབད་ཡི་ཟེར་ཨིན་པས།
རྒཔོ་དེ་གིས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ རྒྱུད་སྐུལ་འབད་ཡོད་མེད་བལྟ་ནིའི་དོན་ལུ་ ཞིབ་དཔྱད་ཚོགས་ཆུང་གིས་ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ སྤྱི་འོག་༥ གི་ གདམ་ངོའི་འཛོམས་འདུ་ནང་ གྲལ་གཏོགས་འབད་མི་༢༣༢ དང་ ཕྱད་པའི་སྐབས་ མི་སེར་ཚུ་གིས་ ཞིབ་དཔྱད་སྡེ་ཚན་ལུ་ ཚོགས་རྒྱན་དེ་ཡང་ ཁོང་རའི་བློ་འདོད་དང་འཁྲིལ་བཙུགས་ཡོདཔ་སྦེ་ སློབ་ཡོདཔ་ཨིན་པས།
གལ་སྲིད་ རྩ་ཕན་༢ ཀྱིས་ ཚོགས་ཆུང་གིས་ གྲོས་ཆོད་དེ་ལུ་ ཡིད་ཆེས་འདྲོངས་མ་ཚུགས་པ་ཅིན་ དུས་ཡུན་བྱིན་མི་དང་འཁྲིལ་ཏེ་ བཙག་འཐུ་ཉོགས་སེལ་ཚོགས་ཆུང་ལྟེ་བ་ལུ་ མཐོ་གཏུགས་འབད་ཆོགཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *