ཨེལ་ཇི་བི་ཊི་ཨའི་ མི་སྡེ་གི་ཉིནམ་ བརྩི་སྲུང་ནང་བཅའ་མར་གཏོགས་མི་ཚུ།

མཚན་མ་གཅིག་ལུ་དགའ་མི་ཚུ་ལུ་ མི་སྡེ་གིས་ བརྩི་མཐོང་བསྐྱེད་དགོཔ།

༉ རྒྱལ་སྤྱི་མཚན་མ་གཅིག་དང་ མཚན་མ་གཉིས་ལུ་དགའ་མི་ དེ་ལས་ མོ་གིས་ཕོ་བཟོ་སྡོད་མི་དང་ ཕོ་གིས་མོ་བཟོ་སྡོད་མི་ཚུ་ལུ་ མ་དགའ་བའི་ ཉིནམ་དེ་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ཐིམ་ཕུག་ མིག་དམར་ཟ་ཁང་ནང་སྦེ་ བརྩི་སྲུང་འབད་ཡི།
ལས་རིམ་དེ་ཡང་ ཐིམ་ཕུག་ལུ་ གཞི་བཙུགས་འབད་དེ་ཡོད་མི་ མཚན་མ་གཅིག་གིས་གཅིག་ལུ་དགའ་མི་དང་ མོ་གིས་ཕོ་བཟོ་སྡོད་མི་དང་ ཕོ་གིས་མོ་བཟོ་སྡོད་མི་ དེ་ལས་ མི་གཅིག་གིས་ མཚན་མ་གཉིས་ཆ་ར་ལུ་དགའ་མི་ ཨེལ་ཇི་བི་ཊི་ཨའི་གི་ ལས་སྡེ་གིས་ བརྩི་སྲུང་འབད་ཡི།
ཁ་ཙ་ ཉིནམ་བརྩི་སྲུང་འབད་ས་ལུ་ ཨེལ་ཇི་བི་ཊི་ཨའི་ལས་སྡེ་ལུ་ རྒྱབ་སྐྱོར་འབད་མི་ གཞུང་གི་ལས་སྡེ་དང་ གཞུང་མིན་ལས་སྡེ་ སྒེར་སྡེ་ དེ་ལས་  ཨེལ་ཇི་བི་ཊི་ཨའི་གི་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ཅི།
ཉིནམ་བརྩི་སྲུང་འབད་བའི་སྐབས་  ཨེལ་ཇི་བི་ཊི་ཨའི་གི་ འཐུས་མི་ཚུ་གིས་ ཁོང་གི་ལས་སྡེ་གི་སྐོར་ལས་དང་ མཚན་མ་གཅིག་གིས་གཅིག་ལུ་དགའ་མི་ མཚན་མ་གཉིས་ལུ་དགའ་མི་ ཕོ་གིས་མོ་བཟོ་སྡོད་མི་དང་ མོ་གིས་ཕོ་བཟོ་སྡོད་མི་ཚུ་ མི་སྡེ་ནང་ དམའ་ཕབ་རྐྱབ་ ཁ་ལ་སོགས་པ་བཏང་དོ་ཡོདཔ་ལས་ ཁོང་གིས་ ཉིན་བསྟར་བཞིན་དུ་ ག་ཅི་བཟུམ་གྱི་ དཀའ་སྡུག་མྱོང་དོ་ཡོདཔ་ཨིན་ན་ དེ་གི་སྐོར་ལས་ གསལ་བཤད་འབད་ཡི།
ཨིན་རུང་ ད་རེས་ནངས་པ་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་མི་ལུ་བརྟེན་ དུམ་གྲ་ཅིག་ དྲག་དོ་ཡོདཔ་ཨིན་རུང་ དམའ་ཕབ་རྐྱབ་ནི་དང་ ཁ་གཏང་ནི་ལ་སོགས་པ་ཚུ་ ད་ལྟོའི་བར་ན་ཡང་ ཁྱབ་ཆེ་དྲགས་སྦེ་ར་ ཡོདཔ་སྦེ་ཨིན་པས།
ཨེལ་ཇི་བི་ཊི་ཨའི་ལས་སྡེ་དེ་ ཐིམ་ཕུག་ལུ་ སྤྱི་ལོ་༢༠༡༤ ཟླ་༡༢ པའི་ནང་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ ལས་སྡེ་དེ་ནང་ འཐུས་མི་བསྡོམས་༡༡༨ ཡོདཔ་ཨིན་པས།
འཐུས་མི་༡༡༨ ཡོད་མི་གི་གྲས་ལས་ མོ་གིས་མོ་ལུ་དགའ་མི་༡ ཕོ་གིས་ཕོ་ལུ་དགའ་མི་༤༩ ཕོ་གིས་མོ་བཟོ་སྡོད་མི་༡༨ མོ་གིས་ཕོ་བཟོ་སྡོད་མི་༡༡ དེ་ལས་ མཚན་མ་གཉིས་ཆ་ར་ལུ་དགའ་མི་༩ འདུག།
ཨེལ་ཇི་བི་ཊི་ཨའི་ལས་སྡེ་དེ་ ད་ལྟོ་ཡིག་ཚང་ལོགས་སུ་སྦེ་མེདཔ་ལས་ ལྷག་བསམ་གྱི་ལམ་སྟོན་ཐོག་ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ ལཱ་ཡང་ ལྷག་བསམ་དང་གཅིག་ཁར་ འབད་དོ་ཡོདཔ་ཨིན་པས།
ཨེལ་ཇི་བི་ཊི་ཨའི་གི་ འཐུས་མི་ཅིག་ཨིན་མི་ ཚེ་རིང་དཔལ་འབྱོར་ཁོ་ར་ ཕོ་སྐྱེས་འབད་རུང་ འབད་བཞག་བཅའ་བཞག་ཚུ་ ཨམ་སྲུ་བཟུམ་སྦེ་ ཡོད་ནི་དེ་གིས་ ཨམ་སྲུ་བཟུམ་བཟོ་སྡོད་དོ་ཡོདཔ་མ་ཚད་ མང་ཤོས་ཅིག་གིས་ ཁོ་ལུ་ཨམ་དཔལ་འབྱོར་ཟེར་ འབོ་དོ་ཡོདཔ་ཨིན་པས།
ཁོ་ར་ ཐིམ་ཕུག་ལུ་ ཕྱི་རུ་ སྤྲོ་སྟོན་ཁང་ཚུ་གི་སྦོ་ལོགས་ཁར་ ཐུགཔ་བཙོང་སྟེ་ མི་ཚེ་སྐྱོང་སྡོད་དོ་ཡོདཔ་ཨིན་པས།
མ་གཞི་ དཔལ་འབྱོར་ཁོ་ར་ ཧེ་མ་ཚར་ཅིག་ ཕམ་གིས་ གཉེན་རྐྱབ་བྱིན་ཡོདཔ་ཨིན་རུང་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་སྤྲོ་བ་ར་ ཕོ་སྐྱེས་ལུ་ འབད་ནི་དེ་གིས་ ཨམ་སྲུ་དེ་ལུ་ ཕྲང་སྟེ་ར་ ཁྱོད་དང་གཅིག་ཁར་ གཉེན་རྐྱབ་སྡོད་དེ་འབད་རུང་ ང་ཕོ་སྐྱེས་ལུ་དགའ་ཟེར་ སླབ་པའི་ཤུལ་ལུ་ མོ་དང་གཅིག་ཁར་ བདུན་ཕྲག་གཅིག་སྡོད་སྦེ་ ཁ་བྱལ་སོཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སྡེ་ནང་ ཁོང་བཟུམ་མའི་ མི་ལུ་ དམའ་ཕབ་རྐྱབ་ ཁ་བཏང་མི་ ལེ་ཤ་ཡོད་ནི་དེ་གིས་ འཕྲལ་འཕྲལ་སེམས་ཡང་མི་དགའ་བས་ཟེར་ཨིན་པས།
མི་ཚུ་གིས་ མོ་ཐུགཔ་བཙོང་སྡོད་པའི་སྐབས་ ཁྱོད་ལས་ཐུགཔ་ཉོ་འཐུང་པ་ཅིན་ ཤུལ་ལས་ ང་བཅས་མི་ལུས་ཡང་ མི་འཐོབ་ནི་མས་ཟེར་ སླབ་མི་ཡང་ ཐོན་དོ་ཡོདཔ་ཨིན་རུང་ ལ་ལོ་ཅིག་གིས་ ཁོང་ལུ་མནོ་བསམ་ལེགས་ཤོམ་བཏང་སྟེ་ ཁྱོད་ཀྱི་འབད་མི་ལཱ་འདི་ རང་གི་མི་ཚེ་སྐྱོང་ནི་དོན་ལུ་ ལེགས་ཤོམ་ཨིན་མས་ཟེར་སླབ་སྟེ་ རྒྱབ་སྐྱོར་འབད་མི་ཡང་ ཐོནམ་མས་ཟེར་ཨིན་པས།
ཁོ་རང་ ཕོའི་ལུས་སུ་སྐྱེས་ཏེ་འབད་རུང་ ད་ལྟོ་ ཨམ་སྲུ་སྦེ་བཟོ་སྡོད་མི་དེ་ ཁོ་ར་བཟོ་དགོ་མནོ་སྟེ་མེན་པར་ སེམས་ཀྱི་གདིང་ལས་ར་ ཨམ་སྲུ་ཨིན་པའི་ ཚོར་སྣང་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
དཔལ་འབྱོར་གྱིས་འབད་བ་ཅིན་ ཕོའི་ལུས་སུ་སྐྱེས་བའི་མཐའ་མར་ ཕོ་སྐྱེས་གཞན་ཚུ་བཟུམ་སྦེ་ ཨམ་སྲུ་འཚོལ་ གོ་གྱོན་སྦེ་ སྡོད་ཚུགསཔ་ཅིག་ཡོད་པ་ཅིན་ དང་པ་ ཕམ་སྤུན་ཆ་གི་ མིང་གཏམ་མི་ཞན་ནི་དང་ གཉིས་པ་ ཁོང་རང་ལུ་ ཁ་བཏང་མི་ཡང་ མི་འཐོན་ནི་ཨིན་རུང་ ཚེ་ཧེ་མའི་ལས་ཅིག་འབད་ནི་དེ་གིས་ ཁོ་ར་ ག་དགའ་མི་དེ་ འབད་སྡོདཔ་ཨིན་ཟེར་ཨིན་པས།
ཨེལ་ཇི་བི་ཊི་ཨའི་ལས་སྡེ་དེ་གིས་ རྫོང་ཁག་༢༠ ཡོད་ས་ལས་ ལུས་འབྲེལ་ལས་སྤེལ་བའི་ནད་གཞི་དང་ ཕོ་མཚན་ཤུབས་ལག་ལེན་འཐབ་ནི་  ཨེལ་ཇི་བི་ཊི་ཨའི་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ རྫོང་ཁག་༡༡ ནང་ འགོ་འདྲེན་འཐབ་ཚར་ཏེ་འདུག།
དེ་བཟུམ་སྦེ་ མི་སྡེ་ལུ་ ཕན་ཐོགས་ཡོད་པའི་ ཕྱགས་བདར་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ད་ལྟོ་ ཨེལ་ཇི་བི་ཊི་ཨའི་ལུ་ གདོང་ལེན་ཆེ་ཤོས་དེ་ར་ མི་སྡེ་ནང་ དེ་གི་སྐོར་ལས་ ཧ་མ་གོ་མི་ མི་སེར་ལེ་ཤ་ཅིག་ཡོདཔ་ལས་ མཚན་མ་གཅིག་ལུ་དགའ་མི་དང་ མཚན་མ་གཉིས་ལུ་དགའ་མི་ ཕོ་གིས་མོ་བཟོ་མི་དང་ མོ་གིས་ཕོ་བཟོ་མི་ མང་རབས་ཅིག་ཡོད་དེ་འབད་རུང་ མི་ཚུ་གིས་ ཁ་བཏང་པའི་ཚ་གྱང་གིས་ གདོང་བཟང་སྟེ་ འོང་མི་བཏུབ་པས་ཟེར་ཨིན་པས།
དེ་སྦེ་ མ་འོངམ་ད་ར་ ལུས་འབྲེལ་ལས་སྤེལ་བའི་ནད་གཞི་དང་ སེམས་ཁམས་ཀྱི་ནད་གཞི་ལ་སོགས་པ་ཚུ་ འཐོབ་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ ཨེལ་ཇི་བི་ཊི་ཨའི་གི་ འཐུས་མི་ཅིག་ཨིན་མི་ བསྟན་འཛིན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *