འབའ་ལུ་ཚ་མ་གཏད་པའི་ཧེ་མར་ གཞུ་ཉེན་སྲུང་དང་ལྡནམ་སྦེ་ བཀང་ཐངས་ཀྱི་ སྦྱང་བ་འབད་བའི་བསྒང་།

མདའ་རྩེདཔ་ཚུ་ལུ་ ཕྱི་རྒྱལ་གྱི་གཞུ་ ཉེན་སྲུང་དང་ལྡནམ་སྦེ་ བཀང་ཐངས་ཀྱི་སྦྱོང་བརྡར།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་ཚང་ནང་ འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་ འགོ་དཔོན་ཚུ་གིས་ ཕྱི་རྒྱལ་གྱི་ མདའ་གཞུ་ཐོག་ལས་ མདའ་རྩེད་འགྲན་འབད་མི་ཚུ་ལུ་ ཉེན་སྲུང་དང་ལྡནམ་སྦེ་ གཞུ་བཀང་ཐངས་དང་ འཐེན་ཐངས་ཀྱི་ སྦྱོར་བརྡར་བྱིནམ་ཨིན་པས།

མདའ་རྩེད་ཚོགས་པའི་འགོ་དཔོན་ ཚེ་དབང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཕྱི་རྒྱལ་གྱི་གཞུ་དེ་ ཤུགས་ཡོད་ནི་དེ་གིས་ ཟུར་ཁ་ ཡང་ཅིན་ གནམ་ཁ་བལྟ་སྟེ་ བཀང་པའི་སྐབས་ འཕྲལ་འཕྲལ་ར་ ལག་པ་ལས་ ཤོར་འགྱོ་དོ་ཡོདཔ་ལས་ མི་དང་ སེམས་ཅན་ཚུ་ལུ་ ཕོག་ཉེན་ཡོད་མི་ལུ་བརྟེན་ སྦྱོང་བརྡར་འགོ་འདྲེན་འཐབ་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྦྱོང་བརྡར་ནང་ མདའ་རྩེདཔ་ཚུ་གིས་ གཞུ་གུ་མདའ་བཀལ་ཏེ་ རང་ཕྱོགས་ཀྱི་ གཡས་གཡོན་གྱི་ཟུར་ཁ་ལས་ འཐེན་ནི་དང་ གནམ་ཁ་ལྟག་སྟེ་ བཀང་ནི་མེན་པར་ ཕྲང་སྟེ་གདོང་ཁ་ལས་བཀང་ནིའི་ ཐབས་ཤེས་དང་ རིག་རྩལ་ དེ་ལས་ ཉམས་མྱོང་ཐོབ་བཅུག་དོ་ཟེར་ཨིན་པས།

གལ་སྲིད་ མདའ་རྩེདཔ་ཚུ་གིས་ ཉེན་སྲུང་དང་ལྡན་པའི་ རིག་རྩལ་དང་ ཐབས་ལམ་ལག་ལེན་འཐབ་སྟེ་ རྩེད་འགྲན་འབད་བ་ཅིན་ མིའི་ཚེ་སྲོག་དང་ སེམས་ཅན་ལུ་ གནོད་སྐྱོན་མེད་པར་ འབའ་ཚང་ལས་བརྒལ་ ཕྱི་ཁར་མི་འགྱོ་ཟེར་ ཚེ་དབང་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།

མདའ་རྩེད་ཚོགས་པ་ལས་ འཕྲུལ་རིག་འགན་འཛིན་པ་༣ གྱིས་ གྲལ་གཏོགས་འབད་མི་ མདའ་རྩེདཔ་ཚུ་ལུ་ སྦྱོང་བརྡར་བྱིན་དོ་ཡོདཔ་ད་ སྤྱི་ཟླ་༢ པ་ལས་ ད་ཚུན་གྱི་བར་ན་ མདའ་རྩེདཔ་༢༠༠ དེ་ཅིག་ལུ་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།

འཐུས་ལེན་ནི་མེད་པའི་ སྦྱོང་བརྡར་དེ་ མཇུག་བསྡུ་ཞིནམ་ལས་ གཞུ་ཟུར་ཁ་ལས་ བཀང་ནི་དང་ གནམ་ཁ་བལྟ་སྟེ་ གཞུང་འཐེན་མི་ཚུ་ལུ་ ད་ལས་ཕར་ ཕྱི་རྒྱལ་མདའ་གཞུའི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་པའི་སྐབས་ གོ་སྐབས་མི་བྱིན་ཟེར་ ཚོགས་པའི་ངོ་ཚབ་ཚུ་གིས་ བཤདཔ་ཨིན་པས།

ཨིན་རུང་ རང་ལུགས་ཀྱི་ མདའ་དང་གཞུ་ཐོག་ལས་ རྩེད་འགྲན་འབདཝ་ད་ འདི་བཟུམ་མའི་ ཁྱད་ཚད་དེ་ ལག་ལེན་མི་འཐབ་ཟེར་ ཚེ་དབང་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།

འགན་འཛིན་པ་དང་འཁྲིལཝ་ད་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་ལུ་ གདོང་ལེན་སྦོམ་ཤོས་ར་ མི་སྟོབས་དང་ མ་དངུལ་ལངམ་སྦེ་ མེད་མི་ལུ་བརྟེན་ རྫོང་ཁག་༢༠ ནང་ གཞུང་འབྲེལ་དུ་ ལཱ་འབད་མི་ག་ཡང་མེདཔ་ལས་ སྒྲིག་གཞི་དང་ ལམ་ལུགས་གཞི་བཙུགས་འབད་མ་ཚུགས་པར་ཡོད་མི་དེ་ཨིན་ཟེར་ཨིན་པས།

ད་རེས་ སྦྱོང་བརྡར་འབད་མི་ཚུ་ལུ་ ཚོགས་པ་གིས་ ལག་ཁྱེར་ ཡང་ཅིན་ ཤོག་བྱང་བྱིན་ནི་ཨིན་ན་ གྲོས་བསྟུན་འབད་དེ་ ཐག་བཅད་འོང་ཟེར་ཨིན་པས།

གལ་སྲིད་ ཤོག་བྱང་ལུགས་བཟོ་བ་ཅིན་ མདའ་རྩེདཔ་ཚུ་ ངོས་འཛིན་འབད་ནི་ལུ་ དཀའ་ངལ་མི་འབྱུང་ནི་ཨིན་པས།

སྐྱེས་ལོ་༦༥ ལང་མི་ མདའ་རྩེདཔ་དངོས་གྲུབ་ཀྱིས་ དེ་བཟུམ་མའི་ སྦྱོང་བརྡར་འབད་ནི་དེ་ ཁག་ཆེ་བས་ཟེར་ བཤད་པའི་ཁར་ འདས་པའི་ལོ་ཚུ་ནང་ ཇར་མ་ནི་ལས་ སློབ་སྟོན་པ་ཅིག་ལས་ ལྷབ་ཡོད་རུང་ ད་རེས་ཀྱི་ གནས་སྟངས་ནང་ཡང་ ལྷབ་དགོཔ་གལ་ཆེ་ཟེར་ བཤདཔ་ཨིན་པས།

འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ རྫོང་ཁག་༢༠ ནང་ ཉེན་སྲུང་དང་ལྡན་པའི་ སྦྱོང་བརྡར་ལས་རིམ་འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ནད་ཡམས་ཀོ་བིཌ་-༡༩ འི་ གནས་སྟངས་ལེགས་ཤོམ་འགྱོ་བ་ཅིན་ སྦྱོང་བརྡར་ལས་རིམ་དེ་ རྫོང་ཁག་གཞན་ཚུ་ནང་ འགོ་འདྲེན་འཐབ་ནིའི་འཆར་གཞི་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *