འགྲན་བསྡུར་ཚར་རེ་ནང་ མདའ་རྩེདཔ་༣ རེ་སྦེ་ སྡེ་ཚན་༣ གྱི་བར་ན་ སྐོར་ཐེངས་༡༥ རྩེད་འགྲན་འབདཝ་ཨིན་པས།

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས།

དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ སྤྲོ་བ་བྱུང་སྟེ་ མདའ་རྩེད་འགྲན་བསྡུར་འབད་མི་དེ་གིས་ རང་ལུགས་ཀྱི་ མདའ་རྩེད་ལུ་ དག་སྣང་དང་ སྤྲོ་བ་ག་དེམ་ཅིག་ཡོདཔ་ཨིན་ན་ཡང་ གསལ་སྟོན་འབདཝ་ཨིན་པས།

མདའ་རྩེད་འགྲན་བསྡུར་དེ་ སྒེར་སྡེ་ཅིག་གིས་ ཕྱི་རྒྱལ་མདའ་གཞུའི་ཐོག་ ཐི་རི་ཨིསི་ཊར་ཟེར་ གཡང་འཕེལ་ལམ་ལུགས་ཀྱི་ མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་མི་དེ་ནང་ སྡེ་ཚན་རེ་ལུ་ མདའ་རྩེདཔ་༥ རེ་སྦེ་མེན་པར་ མདའ་རྩེདཔ་༣ རེ་སྦེ་ སྡེ་ཚན་༡༢ ཡོདཔ་བཞིན་དུ་ འགྲན་བསྡུར་ཚར་རེ་ནང་ སྡེ་ཚན་༣ གྱི་བར་ན་ སྐོར་ཐེངས་༡༥ མདའ་རྐྱབ་ཨིན་པས།

རྩེད་འགྲན་གྱི་ འགོ་འདྲེན་པ་ སྐྱེས་ལོ་༣༥ ལང་མི་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཐི་རི་ཨིས་ཊར་ཟེར་མི་ མདའ་རྩེད་འགྲན་བསྡུར་འགོ་འདྲེན་འཐབ་མི་དེ་ཡང་ ལ་གོང་༣ གྱི་ མི་སེར་ཚུ་ ལོ་༡ ནང་ ཚར་གཅིག་འཛོམས་ཞིནམ་ལས་ སྤྲོ་བ་སྟོན་ནིའི་ གོ་སྐབས་ཅིག་ཨིན་ཟེར་ཨིན་པས།

ཨིན་རུང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ལོ་ལྷགཔ་ཅིག་གི་རིང་ འཛོམས་མ་ཚུགས་པའི་ཁར་ འཚོ་བའི་གནས་སྟངས་ལུ་ཡང་ ཐོ་ཕོག་པའི་ཤུལ་ལས་ གཞུང་གིས་ འགྲོ་འགྲུལ་ལྷོད་ཡངས་བཏང་མི་དང་ དཔལ་འབྱོར་གོང་འཕེལ་གྱི་ ལས་སྣ་ཚུ་ དུམ་གྲ་རེ་ འགོ་འདྲེན་འཐབ་ཆོགཔ་ བཟོ་མི་དང་བསྟུན་ སྤྱི་ཟླ་༡༠ པའི་བདུན་ཕྲག་༢ པའི་ནང་ སྤྲོ་སྟོན་གྱི་ ལས་རིམ་བཟུམ་ཅིག་སྦེ་ འགོ་འདྲེན་འཐབ་ཅི་ཟེར་ བསོད་ནམས་རྡོ་རྗེ་གིས་ བཤདཔ་ཨིན་པས།

སྲོས་རྒཔོ་གིས་ སླབ་མིའི་ནང་ མ་གཞི་ གླིང་བཞི་དྲུང་ཁག་གི་ རྒེད་འོག་ཚུ་གི་བར་ན་ ལོ་བསྟར་བཞིན་དུ་ མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་ནི་ཡོད་རུང་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་དང་ གཞུང་གི་བཀའ་རྒྱ་ དེ་ལས་ ཐིམ་ཕུག་རྫོང་ཁག་གི་ གནང་བ་དང་བསྟུན་ རྒེད་འོག་ནང་འཁོད་ཀྱི་ མི་སེར་ཚུ་གི་བར་ན་ རྩེད་འགྲན་འགོ་འདྲེན་འཐབ་དོ་ཟེར་ཨིན་པས།

སྐྱེས་ལོ་༣༠ ལང་མི་ ཟླ་བ་ཚེ་རིང་གིས་ སླབ་མིའི་ནང་ ལ་གོང་༣ གྱི་ མི་སེར་ཚུ་ འཛོམས་ནི་དང་ ཕམ་སྤུན་ཆ་ གཉེན་ཉེ་འཁོར་ཚུ་འཛོམས་ནིའི་གོ་སྐབས་དེ་ མདའ་རྩེད་མ་གཏོགས་ གཞན་ཁྲོམ་ཁ་ལས་ཕར་ སྤྲོ་སྟོན་འབད་ནིའི་ གོ་སྐབས་ག་ནི་ཡང་མེདཔ་ལས་ ད་རེས་ མདའ་རྩེད་འགྲན་བསྡུར་ནང་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།

གཡུས་མི་གཞན་ ཚེ་རིང་ནོར་བུ་གིས་འབད་བ་ཅིན་ སྲོས་ཀྱི་མི་ཚུ་ དུས་ཚོད་མང་ཤོས་ར་ ལ་དང་རི་གུ་ལས་ཕར་ གཡག་འཚོ་སྟེ་ སྡོད་དགོཔ་ལས་ ངལ་འཚོ་ནི་ཟེར་རུང་ སྤྲོ་བ་སྟོན་ནི་ཟེར་རུང་ ད་རེས་ འགོ་འདྲེན་འཐབ་མི་ མདའ་རྩེད་འདི་ར་ཨིན་ཟེར་ཨིན་པས།

ཨ་རྟག་འབད་བ་ཅིན་ མདའ་རྩེད་འགྲན་བསྡུར་སྐབས་ ལྟོདམོ་ལྟ་མི་དང་ རྒྱབ་སྐྱོར་འབད་མི་ དེ་ལས་ ནང་གི་ཨམ་ཚུ་གིས་ ཚོགས་ཆང་འབག་སྟེ་ ཞབས་ཁྲ་འཐེན་སྦེ་ སྡོད་ནི་ཨིན་རུང་ ཁཝ་དང་ ཆརཔ་ལུ་བརྟེན་ ཁྱིམ་ནང་ན་ར་སྡོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། སྲོས།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *