མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་གི་ལྟོ་ཕོགས་ ཡར་སེང་དོན་ལས་ གཞུང་གི་བཀའ་རྒྱ་ལུ་ སྒུག་དོ་ཡོདཔ།

དུས་ཅི་ གནམ་བྱཱར་གྱི་ རྒྱལ་ཡོངས་ཚོགས་འདུའི་སྐབས་ རྒྱལ་འཛིན་གཙུག་ལག་སློབ་སྡེ་འོག་གི་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་གི་ལྟོ་ཕོགས་དང་ ཁང་གླའི་འཐུས་ཡར་སེང་འབད་ནི་སྦེ་ ཆ་འཇོག་གྲུབ་ཡོད་རུང་ ད་ལྟོའི་བར་ན་ཡང་ ཡར་སེང་འབད་མ་ཚུགས་པར་འདུག།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ མཐོ་རིམ་སློབ་ཕྲུག་ཚུ་གིས་ ཟླ་རིམ་གྱི་ལྟོ་ཕོགས་ དངུལ་ཀྲམ་༡,༥༠༠ ལས་བརྒལ་ མི་ཐོབ་དོ་ཡོདཔ་ཨིན་པས།

ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབདཝ་དང་འབྲེལ་ མཐོ་རིམ་སློབ་ཕྲུག་ཚུ་གི་ ལྟོ་ཕོགས་བསྐྱར་ཞིབ་འབད་མི་དེ་ སྤྱི་ཟླ་༧ པ་ལས་ འགོ་བཙུགས་དགོཔ་ཨིན་རུང་ བསྐྱར་ཞིབ་འབད་ནི་མེདཔ་ལས་ སློབ་ཕྲུག་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ ལྟོ་ཕོགས་ཡར་སེང་ ཡུན་འགྱངས་ལུས་པའི་སྐོར་ལས་ དྲི་བཀོད་འབད་དེ་འདུག།

སྤྱི་ཟླ་༦ པའི་ཚེས་༡༡ ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་འདེབས་ཕུལ་མི་དང་འཁྲིལ་ཏེ་ སློབ་ཕྲུག་ཚུ་གི་ ལྟོ་ཕོགས་དང་ ཁང་གླའི་འཐུས་ དངུལ་ཀྲམ་༡,༥༠༠ ལས་༢,༥༠༠ དང་ སློབ་གྲྭའི་ཕྱི་ཁར་སྡོད་མི་ སློབ་ཕྲུག་ཚུ་ལུ་ ཁང་གླའི་འཐུས་ དངུལ་ཀྲམ་༡,༥༠༠ བྱིན་ནི་སྦེ་ ཆ་འཇོག་གྲུབ་ཅི།

རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙུག་ལག་གཙོ་འཛིན་འོགམ་ དངོས་གྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ བསྐྱར་ཞིབ་འབད་མི་ ལྟོ་ཕོགས་ལག་ལེན་འཐབ་ནིའི་དོན་ལུ་ གཞུང་ལས་ བཀའ་རྒྱ་ག་ནི་ཡང་ མ་ལྷོད་ཟེར་ཨིནམ་ད་ གཙུག་ལག་སློབ་སྡེ་གིས་ བསྐྱར་ཞིབ་ཀྱི་ཁ་གསལ་ཚུ་ཡང་ དངུལ་རྩིས་ལྷན་ཁག་ལུ་ ཕུལ་ཚར་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁ་གསལ་ཕུལ་མི་ཚུ་ དངུལ་རྩིས་ལྷན་ཁག་གིས་ ཆ་འཇོག་འབད་དེ་ འཆར་དངུལ་བགོ་བཀྲམ་འབད་ནི་ལུ་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ ལྟོ་ཕོགས་བསྐྱར་ཞིབ་ཆ་འཇོག་འབད་ཞིནམ་ལས་ བྱ་རིམ་དགོས་མཁོ་དང་འཁྲིལ་ཏེ་ ལག་ལེན་འཐབ་འོང་ཟེར་ཨིན་པས།

མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་གི་ ལྟོ་ཕོགས་བསྐྱར་ཞིབ་མཇུག་དེ་ར་ སྤྱི་ལོ་༢༠༡༡ ལུ་ འབད་ཡོདཔ་ཨིན་པས།

མ་གཞི་ སྤྱི་ལོ་༢༠༡༣ ལུ་ ལྟོ་ཕོགས་དངུལ་ཀྲམ་༡,༧༠༠ གུ་ ཡར་སེང་འབད་ནིའི་ གྲོས་འདེབས་ཕུལ་ཡོདཔ་ད་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ཡར་སེང་ ཐེངས་༢ དེ་ཅིག་འབད་རུང་ སློབ་ཕྲུག་ཚུ་གི་ ལྟོ་ཕོགས་ཡར་སེང་འབད་མ་ཚུགས་པས།

ལྟོ་ཕོགས་དངུལ་ཀྲམ་༡,༥༠༠ གིས་ བཞེས་སྒོ་ལེན་ཐེངས་རེ་ནང་ ཀེ་ལོ་རིས་༣༠༠ ལས་བརྒལ་མེདཔ་ད་ བསྐྱར་ཞིབ་ལྟོ་ཕོགས་ཀྱིས་ ཀེ་ལོ་རིས་༥༠༠ བཏོན་ཚུགས་ནི་ འོས་འབབ་ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་འདུ་གིས་ རྩིས་རྐྱབ་སྟེ་ ཕུལ་མི་སྙན་ཞུ་དང་འཁྲིལཝ་ད་ ལྟོ་ཕོགས་དངུལ་ཀྲམ་༡,༠༠༠ ཡར་སེང་འབད་མི་དེ་གིས་ ཟླཝ་༡༠ གྱི་སློབ་དུས་ནང་ སློབ་ཕྲུག་རེ་གིས་ ཁ་སྐོང་དངུལ་ཀྲམ་༡༠,༠༠༠ ཡར་སེང་འགྱོ་ནི་ཨིནམ་བཞིན་དུ་ སློབ་ཕྲུག་༧,༩༡༥ གིས་ ལོ་བསྟར་བཞིན་དུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧༩.༡༥ དང་ ཁང་གླའི་འཐུས་ དངུལ་ཀྲམ་ས་ཡ་༣༥.༦༢༥ གནས་ནི་ཨིན་པས།

འདས་པའི་དྲི་བ་དྲིས་ལན་ནང་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ བཤད་མིའི་ནང་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ ལྟོ་ཕོགས་ཡར་སེང་འབད་ནི་ལུ་ དངུལ་ཀྲམ་ས་ཡ་༢༠༨ བགོ་བཀྲམ་འབད་ཡོདཔ་ལས་ གཙུག་ལག་སློབ་སྡེ་གིས་ འཆར་དངུལ་དེ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་ ཐག་བཅད་དགོ་ཟེར་ཨིན་པས།

ལྟོ་ཕོགས་ཀྱི་འཐུས་དེ་ གནང་བྱིན་སྦེ་ འོང་ནི་ཨིནམ་ད་ མ་དངུལ་དེ་ཡང་ གཙུག་ལག་སློབ་སྡེའི་ གྲོས་འདེབས་དང་འཁྲིལ་ཏེ་ བགོ་བཀྲམ་འབད་འོང་ཟེར་ཨིནམ་བཞིན་དུ་ ལྟོ་ཕོགས་ཡར་སེང་འབད་ནི་དེ་ དགོས་མཁོ་ཅན་ཅིག་ཨིན་པའི་ཁར་ འཆར་དངུལ་ཡང་ ལངམ་སྦེ་ཡོད་ཟེར་ རྩིས་བློན་གྱིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *