སྟག་རྩེ་མཐོ་རིམ་སློབ་གྲྭའི་ ས་ཆ་ཨེ་ཀར་༦ དེ་ཅིག་ ཚལ་མ་སྦེ་ཡོད་མི་ ལེགས་བཅོས་འབད་དེ་ མོ་བཏབ་ཀྱི་དོན་ལུ་ ཚོད་བསྲེ་མ་འདྲཝ་ཚུ་བཙུགས་ནུག།

མཐོ་རིམ་སློབ་གྲྭ་ནང་ ཚོད་བསྲེ་ལཱ་འབད་ནི་འགོ་བཙུགས་ཡོདཔ།

༉ ནད་ཡམས་ཀྱི་ གནས་སྟངས་ནང་ སོ་ནམ་པ་མང་ཤོས་ཅིག་གིས་ ཚོད་བསྲེའི་ལཱ་འབད་ནི་ འགོ་བཙུགས་ཡོདཔ་བཟུམ་ ཀྲོང་གསར་སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་གིས་ཡང་ དུས་ཅི་ལས་ སློབ་སྟོན་རྐྱངམ་གཅིག་མེན་པར་ ཚོད་བསྲེ་ལུ་ཡང་ གཙོ་རིམ་བཟུངམ་ཨིན་པས།

དེ་ཡང་ མཐོ་རིམ་སློབ་གྲྭ་གིས་ སློབ་ཕྲུག་ཚུ་ལུ་ ཚོད་བསྲེ་ལཱ་འབད་ནིའི་ སྦྱོང་བརྡར་བྱིན་པའི་ཤུལ་ལུ་ མཐོ་རིམ་སློབ་གྲྭའི་ས་ཁོངས་ནང་ རང་བཞིན་གྱིས་སྨིན་པའི་ ཚོད་བསྲེ་འཛུགས་སྐྱོང་འབད་ཡོདཔ་ཨིན་པས།

སྟག་རྩེ་མཐོ་རིམ་སློབ་གྲྭའི་ ས་ཆ་ཨེ་ཀར་༦ དེ་ཅིག་ ཚལ་མ་སྦེ་ཡོད་མི་ ལེགས་བཅོས་འབད་དེ་ སློབ་ཕྲུག་༡༥ གིས་ མོ་བཏབ་ཀྱི་དོན་ལུ་ ཚོད་བསྲེ་མ་འདྲཝ་ཚུ་བཙུགས་ནུག།

ཚོད་བསྲེ་འཛུགས་སྐྱོང་གི་དོན་ལུ་ རྒྱ་གར་གཞུང་གིས་ མ་དངུལ་ས་ཡ་༡.༧ བྱིན་ཡོདཔ་ད་ འཕྲུལ་རིག་རྒྱབ་སྐྱོར་དེ་ ཕའི་ཐང་སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ འབད་ཡོདཔ་ཨིན་པས།

མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ལུང་བསྟན་རྒྱ་མཚོ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ལུ་ དཔེ་ཆ་ལྷབ་ནི་དང་གཅིག་ཁར་ སོ་ནམ་གྱི་ ལཱ་ལུ་ཡང་ གོམས་འདྲིས་ཚུད་ཐབས་ལུ་ཨིན་ཟེར་ཨིན་པས།

གཙོ་འཛིན་གྱིས་འབད་བ་ཅིན་ སློབ་ཕྲུག་ཚུ་ ཤུལ་ལས་ ལཱ་ག་ཏེ་འབད་སྡོད་རུང་ ས་སྟོངམ་ཡོད་མི་ཚུ་ནང་ ཚོད་བསྲེ་ལྡུམ་ར་བཟོ་སྟེ་ རང་གི་དོན་ལུ་ ཕན་ཐབས་འབྱུང་ཚུགས་ཟེར་ཨིན་པས།

སློབ་ཕྲུག་ཚུ་ལུ་ ད་རེས་ནངས་པའི་ རིག་གསར་གྱི་ ལམ་ལུགས་དང་བསྟུན་ ལཱ་འབད་ཐངས་ཀྱི་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།

སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ ལས་རིམ་དེ་ལུ་བརྟེན་ སོ་ནམ་གྱི་ ལཱ་འབད་ནི་ལུ་ རིག་པ་གསརཔ་ཐོབ་ཡོདཔ་མ་ཚད་ ཤུལ་ལས་ རང་གིས་ ཚོད་བསྲེ་དང་འབྲེལ་བའི་ ལཱ་འབད་དགོ་རུང་ དེ་འཕྲོ་ལས་ འགོ་བཙུགས་ཚུགས་པའི་ ཕན་ཁྱད་བྱུང་ཡི་ཟེར་ཨིན་པས།

གཙོ་འཛིན་གྱིས་ ལྟོ་བཟའ་མ་དགོ་མི་ག་ཡང་མེདཔ་ལས་ བཟའ་སྤྱོད་ཐོན་ས་དེ་ ས་ཞིང་ནང་ལས་ཨིན་ཟེར་ བཤད་པའི་ཁར་ ག་དེམ་ཅིག་སྦེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ལོ་ཐོག་ལུ་ ཐོ་ཕོག་སྟེ་ བཟའ་འཐུང་གི་ དཀའ་ངལ་འཐོན་པ་ཅིན་ སློབ་སྦྱོང་འབད་མི་ སློབ་ཕྲུག་ཚུ་གིས་ རང་གི་ཞིང་ནང་ ཚོད་བསྲེའི་ལཱ་འབད་ཚུགས་ཟེར་ བཤདཔ་ཨིན་པས།

ད་རེས་ མོ་བཏབ་ཐོག་ལུ་ ཚོད་བསྲེ་ཨེ་མ་དང་ འདབ་མ་ཀོ་པི་ བླམ་བན་ད་ ཉ་ཁག་ཅུང་དང་ ཤིང་འབྲས་མ་འདྲཝ་ཚུ་ བཙུགས་ཡོདཔ་ད་ དེ་ཚུ་ལས་ ལེགས་ཤོམ་འཚོ་མི་དེ་ སང་ཕོད་ལས་ རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་ནི་ཨིན་པས།

ཐོན་སྐྱེད་ཚུ་ཡང་ མཐོ་རིམ་སློབ་གྲྭྭའི་ ཐབ་ཚང་ནང་ བཙུགས་ནི་དང་ དེ་ནང་ལས་ཐོབ་མི་ འོང་འབབ་བརྒྱ་ཆ་༨༠ དེ་ སློབ་ཕྲུག་ཁོང་ར་ལུ་ སྤྲོད་ནི་དང་ བརྒྱ་ཆ་༢༠ མཐོ་རིམ་སློབ་གྲྭ་ལུ་ སོན་དང་ལག་ཆ་ཚུ་གི་དོན་ལུ་ བཞག་ནི་ཨིན་པས།

ཐབས་ལམ་དེ་གི་ཐོག་ལས་ མཐོ་རིམ་སློབ་གྲྭ་གིས་ ཚོད་བསྲེ་ཉོ་དགོ་མི་དེ་ མར་ཕབ་འབད་ཚུགས་ནི་དང་ སློབ་ཕྲུག་ཚུ་གིས་ རང་བཞིན་གྱིས་སྨིན་པའི་ ཚོད་བསྲེ་བཟའ་སྤྱོད་འབད་ནིའི་ གོ་སྐབས་འཐོབ་ནི་ཨིན་པས།

སོ་ནམ་དང་འབྲེལ་བའི་ སྦྱོང་བརྡར་དེ་ ལོ་བསྟར་བཞིན་དུ་ སྤྲོ་བ་ཡོད་མི་ སློབ་ཕྲུག་ཚུ་ལུ་བྱིན་ཏེ་ ཚོད་བསྲེའི་ལཱ་འབད་བཅུགན་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *