མཐོ་རིམ་ཤེས་ཚད་ཀྱི་དོན་ལུ་ གཙུག་ལག་སློབ་སྡེ་ལས་ ངོས་ལེན་མ་འབད་བ་ཅིན་ ཐབས་ལམ་ གཞན་འཚོལ་ནི།

༉ འབྲུག་ངོས་འཛིན་ཚོགས་སྡེའི་ཁྲི་འཛིན་ ཤེས་རིག་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་གི་ མཐོ་རིམ་ཤེས་ཚད་ཀྱི་ ངོ་སྦྱོར་ཡི་གུ་ཚུ་ རང་སོའི་གཙུག་ལག་སློབ་སྡེ་ལས་ ཟླཝ་༢ ཀྱི་ ནང་འཁོད་ལུ་ ལྷོད་མ་ཚུགས་པ་ཅིན་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱིས་ ངོས་འཛིན་གྱི་དོན་ལུ་ ཐབས་ལམ་གཞན་ བལྟ་ནི་ཟེར་ཨིན་པས།
ད་ལྟོ་ཚུན་ འབྲུག་ངོས་འཛིན་ཚོགས་སྡེ་གིས་ འབྲུག་གསོ་བ་དང་ འཕྲོད་བསྟེན་ཚོགས་སྡེ་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ འབྲུག་གི་བསྟན་སྲུང་དམག་སྡེ་ དེ་ལས་ མངོན་མཐོ་ཁྲིམས་འདུན་ལུ་ འདེམས་ངོ་སྦེ་ འཐོན་འདོད་ཡོད་མི་ཚུ་གི་ མཐོ་རིམ་ཤེས་ཚད་ཡོད་མེད་ བལྟ་ནི་གི་ གནང་བ་ཚུ་ སྤྲོད་དེ་ཡོདཔ་ཨིན་པས།
ཁྲི་འཛིན་གྱིས་ བཤད་མིའི་ནང་ མཐོ་རིམ་ཤེས་ཚད་འཆང་མི་ཚུ་གི་ ཡིག་ཆ་ཚུ་ བདེན་དཔྱད་འབད་བའི་ཤུལ་ལས་ ལས་སྡེ་ཚུ་ནང་ འཛུལ་ཞུགས་འབད་མི་ལུ་བརྟེན་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ བློ་གཏད་ཚུགས་ཟེར་ཨིན་པས།
ཨིན་རུང་ ཀརྨ་ཡེ་ཤེས་ཀྱིས་འབད་བ་ཅིན་ ལམ་ལུགས་གསརཔ་དེ་ ཞི་གཡོགཔ་ཚུ་མ་གཏོགས་ སྒེར་སྡེ་དང་ ལས་འཛིན་ནང་ ལཱ་འབད་མི་ཚུ་ལུ་ ལག་ལེན་མ་འཐབ་མི་དེ་ཡང་ གལ་སྲིད་ ལམ་ལུགས་དེ་ ག་ར་ལུ་ ལག་ལེན་འཐབ་པ་ཅིན་ བྱ་སྟབས་མ་བདེཝ་ འབྱུང་སྲིད་ཟེར་ཨིན་པས།
ཚོགས་སྡེ་གིས་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ མི་མང་ལུ་ ཁྱབ་བསྒྲགས་འབད་མི་དང་འཁྲིལཝ་ད་ མཐོ་རིམ་ཤེས་ཚད་ཀྱི་ ངོས་འཛིན་ལས་སྡེ་ཚུ་གིས་ཡང་ རང་སོའི་གཙུག་སློབ་སྡེ་ལས་ ངོ་སྦྱོར་འབད་བའི་ཤུལ་ལས་རྐྱངམ་གཅིག་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
སྤྱི་ཚོགས་༣ པའི་ བཙག་འཐུའི་བྱ་རིམ་ འགོ་བཙུགསཔ་དང་གཅིག་ཁར་ འབྲུག་ངོས་འཛིན་ཚོགས་སྡེ་གིས་ མཐོ་རིམ་ཤེས་ཚད་ཀྱི་ ངོ་སྦྱོར་འབད་ནིའི་ འགན་ཁུར་འབག་ནི་ འགོ་བཙུགས་ཡོདཔ་ད་ ཚོགས་སྡེ་གིས་ རང་རྐྱང་དང་ ལས་སྡེ་ཚུ་གིས་ ཞུ་བ་དང་འཁྲིལ་ཏེ་ མཐོ་རིམ་ཤེས་ཚད་ཡོད་མེད་ཚུ་ བདེན་དཔྱད་འབད་དོ་ཡོདཔ་ཨིན་པས།
མི་མང་གསལ་བསྒྲགས་དང་འཁྲིལཝ་ད་ ཞུ་ཡིག་དང་ ཡིག་ཆ་ཚུ་ཡང་ རང་རྐྱང་སྦེ་ ཚོགས་སྡེ་ལུ་ བཙུགས་དགོཔ་བཞིན་དུ་ ཡིག་ཆ་ཚུ་ བདེན་དཔྱད་འབད་བའི་ཤུལ་ལས་ ཚོགས་སྡེ་གིས་ གཙུག་ལག་སློབ་སྡེ་ཚུ་ལས་ ཤེས་ཚད་ཀྱི་ ངོ་སྦྱོར་ཚུ་ འབད་ནི་ཨིན་པས།
ད་རེས་ མཐོ་རིམ་ཤེས་ཚད་ཀྱི་ ངོས་འཛིན་ཁྱབ་བསྒྲགས་དེ་ཡང་ ཐེངས་༢ པ་ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༧ ཟླ་༧ པའི་ནང་ ཁྱབ་བསྒྲགས་འབད་ཡོད་རུང་ ཁྱབ་བསྒྲགས་དང་པའི་ནང་ འབྲུག་ངོས་འཛིན་ཚོགས་སྡེ་ལས་ ངོ་སྦྱོར་འབད་དགོཔ་སྦེ་ཨིན་པས།
དེ་འབདཝ་ད་ ཤེས་ཚད་ལག་ཁྱེར་གྱི་ ངོ་སྦྱོར་འབད་ཐངས་ཀྱི་སྐོར་ ཐིམ་ཕུག་ཁྲོམ་སྡེ་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ གདམ་ངོ་སྦེ་ དོ་འགྲན་འབད་མི་ཅིག་གིས་ ཉོགས་བཤད་བཀོད་པའི་ཤུལ་ལས་ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ ཁྲིམས་མཐུན་དབང་འཛིན་གཞན་ཚུ་གིས་ཡང་ ངོ་སྦྱོར་འབད་ཆོག་པའི་སྐོར་ གསལ་བསྒྲགས་འབད་མི་དེ་ ཁྲིམས་མཐུན་ག་དེ་སྦེ་ཡོདཔ་ཨིན་ན་ དྲི་བཀོད་འབདཝ་ཨིན་པས།
ཚོགས་སྡེའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གཙུག་ལག་སློབ་སྡེ་ ལ་ལོ་ཅིག་གིས་ ན་ལོན་དང་ ཆེ་རིམ་ཤེས་ཡོད་ལས་ཁུངས་ཀྱི་ མཐོ་རིམ་ཤེས་ཚད་ཀྱི་ གཏན་འཁེལ་དེ་ ཟླཝ་༢ ལང་རུང་ འབད་མི་བཏུབ་མི་དང་འཁྲིལ་ཏེ་ ཚོགས་སྡེ་གིས་ སྤྱི་ཟླ་དང་པའི་ནང་ ཞི་གཡོགཔ་ཚུ་གི་དོན་ལུ་ མཐོ་རིམ་ཤེས་ཚད་ཡོད་མེད་ བདེན་དཔྱད་འབད་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འབད་དགོཔ་སྦེ་ གྲོས་ཐག་བཅད་ནུག།
འགོ་དཔོན་ཚུ་གིས་འབད་བ་ཅིན་ མཐོ་རིམ་ཤེས་ཚད་ཡོད་མེད་ བལྟ་ནིའི་ལཱ་དེ་ གནམ་མེད་ས་མེད་ ལཱ་ཁག་ཅན་ཅིན་ཨིན་པའི་ཁར་ ལས་ཁུངས་ཀྱིས་ གཙུག་ལག་སློབ་སྡེའི་ ངོས་འཛིན་གནས་སྡུད་དེ་ཡང་ ཁོང་རའི་རྒྱལ་ཁབ་ཀྱི་ ངོས་འཛིན་ཚོགས་སྡེ་ཐོག་ལས་ བལྟ་དོ་ཡོདཔ་ཨིན་པས།
ཚོགས་སྡེ་གིས་ ལས་སྡེ་སོ་སོ་ལུ་ མཐོ་རིམ་ཤེས་ཚད་ཀྱི་ ངོས་འཛིན་འབད་ནི་ འགན་ཁུར་དེ་ཡང་ དུས་ཅི་ སྤྱི་ཟླ་དང་པ་ལས་ འགོ་བཙུགས་ཡོདཔ་ད་ ཀུན་གསལ་གྱིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ཚུ་ལུ་ དྲི་བཀོད་འབད་བའི་སྐབས་ མཐོ་རིམ་ཤེས་ཚད་ཀྱི་ ངོ་སྦྱོར་དེ་ཡོད་མི་དེ་ མཐོ་རིམ་སློབ་གྲྭ་ལས་ འབད་དོ་ཟེར་ཨིན་པས།
བཀྲིས་སྒང་སྦིས་དུང་རྒེད་འོག་གི་འདེམས་ངོ་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ མཐོ་རིམ་ཤེས་ཚད་ཡོད་མེད་ཀྱི་ ངོས་འཛིན་ཚུ་ ལས་སྡེ་སོ་སོ་གིས་ འབད་ཡོད་པའི་སྐོར་ལས་ ག་གིས་ཡང་ མ་སླབ་ལས་ ཁོ་གི་ གཙུག་ལག་སློབ་སྡེ་ལས་ མཐོ་རིམ་ཤེས་ཚད་ཀྱི་ ངོས་འཛིན་གྱི་ ལན་གསལ་མ་ལྷོད་མི་ལུ་བརྟེན་ བཙག་འཐུའི་དོན་ལུ་ ཡིག་ཆ་ཚང་སྒྲིག་སྦེ་ བཙུགས་མ་ཚུགས་ཟེར་ཨིན་པས།
གསར་སྤང་གི་འདེམས་ངོ་ པདྨ་བཀྲིས་ཀྱིས་ སླབ་མིའི་ནང་ ཁོ་རའི་ ཤེས་ཚད་ལག་ཁྱེར་ཚུ་ བདེན་དཔྱད་འབད་བའི་སྐབས་ ལམ་ལུགས་གསརཔ་དེ་ འགོ་མ་བཙུགསཔ་ལས་ ལས་ཁུངས་ཀྱིས་ ཁོ་གི་ ལག་ཁྱེར་དེ་ ཁོ་རའི་གཙུག་ལག་སློབ་སྡེ་གིས་ ངོས་འཛིན་འབད་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།
ཐིམ་ཕུག་ཁྲོམ་སྡེའི་གདམ་ངོ་ བསོད་ནམས་དཔལ་འབྱོར་གྱིས་ བཙག་འཐུ་ལྷན་ཚོགས་ལུ་ ལམ་ལུགས་གསརཔ་དེ་གིས་ ཁྲོམ་སྡེའི་འདེམས་ངོ་ མཚོ་སྐྱིད་རྡོ་རྗེ་ལུ་ ཁེ་ཕན་བྱུང་ཡོད་པའི་ ཉོགས་བཤད་བཀོད་ནུག།
འཚོ་སྐྱིད་རྡོ་རྗེ་གིས མཐོ་རིམ་ཤེས་ཚད་ཀྱི་ ངོ་སྦྱོར་ཡི་གུ་དེ་ཡང་ མངོན་མཐོ་ཁྲིམས་འདུན་ལས་ ལེན་ཡོད་མི་དེ་ཡང་ ཚོགས་སྡེ་གིས་ ཁྲིམས་ནང་མཐོ་རིམ་ཤེས་ཚད་ཡོད་མི་གི་ ངོ་སྦྱོར་ཡི་གུ་ཚུ་ ཁྲིམས་འདུན་གྱིས་ བྱིན་དགོཔ་སྦེ་ བཟོ་མི་ལུ་བརྟེན་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་ལས་ གདམ་ངོའི་འཛོམས་འདུ་ནང་ དོ་འགྲན་འབད་མི་ བསོད་ནམས་དཔལ་འབྱོར་གྱིས་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ བཙག་འཐུ་ལྷན་ཚོགས་ལུ་ ཉོགས་བཤད་ཡི་གུ་བཙུགས་མི་དེ་ནང་ འབྲུག་ངོས་འཛིན་ཚོགས་སྡེ་དང་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱིས་ མཚོ་སྐྱིད་རྡོ་རྗེ་ལུ་ མངོན་མཐོ་ཁྲིམས་འདུན་ལས་ མཐོ་རིམ་ཤེས་ཚད་ཀྱི་ ངོ་སྦྱོར་ཡི་གུ་ཅིག་ ལེན་ནི་གི་ གོ་སྐབས་བྱིན་ཡོདཔ་ལས་ ཁོ་ལུ་ འདི་བཟུམ་མའི་ གོ་སྐབས་མ་བྱིན་ཟེར་བཀོད་ནུག།
དེ་ལས་ མཐོ་གཏུགས་པའི་ ཉོགས་བཤད་༢ པ་ ཚོགས་རྒྱན་སྐྱུར་མི་ཚུ་ སྐྱེལ་འདྲེན་འབད་བའི་ཐད་ཁར་ རྩོད་རྩ བསོད་ནམས་དཔལ་འབྱོར་གྱིས་ཕུལ་ཡོད་མི་ སྒྲ་པར་བཟུང་མི་དེ་ལུ་རྐྱངམ་གཅིག་ལུ་ གཞི་མ་བཞག་པར་ དཔང་པོ་༤༣ དེ་ཅིག་ལུ་ དྲི་དཔྱད་འབདཝ་ད་ སྒྲུབ་བྱེད་ག་ནི་ཡང་མེད་པའི་ མངོན་གསལ་བྱུང་ནུག།
གནད་དོན་གསུམ་པའི་ནང་ ཚོགས་པ་ཕུརཔ་སྒྲོལ་མ་དང་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་ དེ་ལས་ བཙག་འཐུ་འགོ་དཔོན་ཚུ་ལུ་ ཁ་ཉེས་བཀལ་མིའི་ཐད་ལུ་ ཚོགས་པ་དང་ ཁྲོམ་དཔོན་གྱིས་ ཚོགས་རྒྱན་ལྷང་པའི་ སྒྲུབ་བྱེད་གསརཔ་ ག་ནི་ཡང་ མེད་པའི་ཁར་ འཇིགས་སྐུལ་འབད་ཡི་ཟེར་མི་དེ་ཡང་ ཁུངས་བསྐྱལ་ནི་མེདཔ་ལས་ ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་ཁོ་ར་ ཚོགས་རྒྱན་ཉིནམ་ལུ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ སྡོད་དགོ་པའི་ རྒྱུ་མཚན་འཁོད་དེ་ཡོད་རུང་ མ་འོངས་པ་ལུ་དམིགས་ཏེ་ ཁོ་ལུ་ དྲན་གསོའི་དང་ལེན་འབད་དགོ་པའི་ གྲོས་ཆོད་གྲུབ་ནུག།
དེ་ལས་ བཙག་འཐུ་འགོ་དཔོན་ཚུ་གི་ཐད་ལུ་ རྫོང་ཁག་བཙག་འཐུ་ཐོ་བཀོད་འགོ་དཔོན་གྱིས་ ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ ཡིག་ཚང་ནང་མེད་ནི་དེ་གིས་ ཚོགས་པ་ལས་ རྒྱབ་སྐྱོར་ལེན་དགོཔ་ བྱུང་ཡོད་རུང་ མ་འོངས་པ་ལུ་དམིགས་ཏེ་ རྫོང་ཁག་བཙག་འཐུ་ཐོ་བཀོད་འགོ་དཔོན་ལུ་ ཉེས་ཆད་བཀལ་ནི་གི་ གྲོས་ཆོད་བྱུང་མི་ལུ་ ལྷན་ཚོགས་ལས་ ངོས་ལེན་བྱུང་ཡོད་ཟེར་བཀོད་ནུག།
གལ་སྲིད་ ལྷན་ཚོགས་ཀྱི་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་མི་ རྩ་བོ་ག་གིས་འབད་རུང་ བཙག་འཐུའི་ཚོགས་རྒྱན་གྲུབ་འབྲས་ གསལ་བསྒྲགས་འབད་བའི་ཉིནམ་ལས་ ཉིན་གྲངས་༡༠ གྱི་ནང་འཁོད་ མཐོ་གཏུགས་འབད་ཆོག་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *