མཐུན་རྐྱེན་མེད་མི་ལུ་བརྟེན་ ཤར་ཕྱོགས་དང་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལཔ་དཀོན་དྲགས།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་ལྟ་བཤལ་ལས་སྡེ་གིས་ ལྟ་བཤལཔ་ཉུང་སུ་ཅིག་ལས་བརྒལ་ མ་ལྷོད་པའི་རྫོང་ཁག་༩ ནང་ ལྟ་སྐོར་འབད་ཞིནམ་ལས་ ལྟ་བཤལཔ་ཚུ་ འོང་བཅུག་ནིའི་དོན་ལུ་ ཐབས་ལམ་དང་གོ་སྐབས་ཚུ་ བལྟ་དོ་ཡོདཔ་ཨིན་པས།
ལས་སྡེ་གིས་ ལྷུན་རྩེ་དང་ མོང་སྒར་ བཀྲིས་སྒང་ བཀྲིས་གཡང་རྩེ་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ གསར་སྤང་ རྩི་རང་ དེ་ལས་ གཞལམ་སྒང་རྫོང་ཁག་ཚུ་ནང་ ལྟ་སྐོར་འབད་ཐོག་ལས་ ལྟ་བཤལཔ་ཚུ་ གཡུས་སྒོ་ཚུ་ནང་ཡོད་པའི་ རང་ལུགས་ཀྱི་ཁྱིམ་ནང་ སྡོད་ཐབས་ཀྱི་ གོ་སྐབས་ཚུ་ལྟ་ནུག།
དེ་བཟུམ་གྱི་ལམ་ལུགས་དེ་ ད་རེས་ བུམ་ཐང་དང་ དབང་འདུས་ཕོ་བྲང་གི་ ཕོབ་སྦྱིས་ཁ་དང་ རུ་ཁ་གཡུས་ཚན་ དེ་ལས་ ཧཱ་རྫོང་ཁག་ཚུ་ནང་ཡོདཔ་ད་ ཕོབ་སྦྱིས་ཁ་ལུ་འབད་བ་ཅིན་ ལམ་ལུགས་དེ་ ལེགས་ཤོམ་འགྱོ་དོ་ཡོད་མི་དེ་ཡང་ ལོ་བསྟར་བཞིན་དུ་ ལྟ་བཤལཔ་བརྒྱ་ལས་བཅད་དེ་ ས་གནས་དེ་ནང་ འོང་དོ་ཡོདཔ་ཨིན་པས།
ཕོབ་སྦྱིས་ཁ་ལུ་ ལྟ་བཤལཔ་འོང་མི་དེ་ཡང་ ཁྲུང་ཁྲུང་སྐེ་ནག་བལྟ་བར་ཨིནམ་ད་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ འགོ་དཔོན་ འཇིགས་མེད་ཚེ་རིང་གིས་ སླབ་མིའི་ནང་ ལུང་གཤོང་ནང་འོང་མི་ ལྟ་བཤལཔ་མང་ཤོས་ཅིག་ ཁྲུང་ཁྲུང་སྐེ་ནག་ཚུ་ ལྷོད་པའི་སྐབས་ལུ་ འོང་ནི་ཡོད་ཟེར་ཨིན་པས།
ལྟ་བཤལ་གྱི་ལཱ་འབད་མི་ མང་ཤོས་ཅིག་གིས་ སླབ་མིའི་ནང་ མ་གཞི་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལཔ་ཚུ་གིས་ སྤྲོ་བ་བསྐྱེད་ནིའི་གོ་སྐབས་ཡོད་རུང་ ལྟ་བཤལཔ་ཉུང་སུ་ཅིག་ལས་བརྒལ་ འོང་ནི་མེད་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་འབད་བ་ཅིན་ རྒྱུན་འགྲུལ་གྱི་དཀའ་ངལ་ཡོད་རུང་ ད་རེས་ ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་གཞུང་ལམ་ རྒྱ་སྐྱེད་འབད་བའི་བསྒང་ཨིནམ་མ་ཚད་ ཡོན་ཕུ་ལ་ནང་འཁོད་ཀྱི་ གནམ་གྲུ་འགོ་བཙུགས་རུང་ ཁྱད་པར་དེ་ཅིག་ མ་མཐོང་ཟེར་ཨིན་པས།
ཡར་འཕེལ་ལྟ་བཤལ་ལས་སྡེའི་ཇོ་བདག་ ཀུན་བཟང་གིས་ སླབ་མིའི་ནང་ མ་གཞི་ལྟ་བཤལཔ་ཚུ་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་སྐོར་འབད་ནིའི་སྤྲོ་བ་བསྐྱེད་མི་ཡོད་རུང་ རྫོང་ཁག་ཚུ་ནང་ ལྟ་བཤལ་གྱི་མཐུན་རྐྱེན་ ཟ་ཁང་དང་ གསང་སྤྱོད་ལ་སོགས་པ་ཚུ་ ལེགས་ཤོམ་མེདཔ་ལས་ འཁྱིད་མི་ཚུགས་པས་ཟེར་ཨིནམ་ད་ གལ་སྲིད་གཞུང་གིས་ མཐུན་རྐྱེན་གཞི་བཙུགས་ཀྱི་དོན་ལུ་ རྒྱབ་སྐྱོར་སྐྱེད་ཆུང་སྐྱིན་འགྲུལ་ལ་སོགས་པ་ཚུ་བྱིན་པ་ཅིན་ མཐུན་རྐྱེན་གོང་འཕེལ་གཏང་ཚུགས་ནིའི་ གོ་སྐབས་འདུག་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ སྒེར་གྱི་ལྟ་བཤལ་ལས་སྡེ་༡,༧༠༡ ཡོད་མིའི་གྲས་ལས་ མང་ཤོས་ཅིག་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ཡོདཔ་ད་ ལས་སྡེ་ལ་ལོ་གིས་ སླབ་མིའི་ནང་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ གོང་འཕེལ་འགྱོ་ནི་དེ་གིས་ ཕྱིའི་རྒྱལ་ཁབ་བཟུམ་ ཐལ་དོ་ཡོདཔ་ལས་ རྒྱལ་ཁབ་ཀྱི་ངོ་རྟགས་ངོ་མ་དེ་ ད་རེས་ ལྟ་བཤལ་མ་ལྷོད་སའི་རྫོང་ཁག་ ཤར་དང་ལྷོ་ཕྱོགས་ལ་སོགས་པ་ཚུ་ནང་འདུག་ཟེར་ཨིན་པས།
ཨིན་རུང་ འབྲུག་ལྟ་བཤལ་ལས་སྡེ་གིས་ ཤར་ཕྱོགས་རྫོང་ཁག་༦ དང་ ལྷོ་ཕྱོགས་རྫོང་ཁག་༣ གྱི་ མི་ལ་ལོ་ཅིག་ བཞེས་སྒོ་བཟོ་ཐངས་དང་ མགྱོནམ་སྐྱོང་ཐངས་ཀྱི་ སྦྱོང་བརྡར་ཚུ་བྱིན་ཡོདཔ་ལས་ དེ་གིས་ ལྟ་བཤལཔ་འོང་ནི་ལུ་ ཕན་ཐོགས་འབྱུང་བའི་རེ་བ་ཡོདཔ་ད་ ལས་སྡེའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལས་སྡེའི་ཧོངས་ལས་ འགྲོས་ཀྱིས་སྦེ་ རྒྱབ་སྐྱོར་འབད་ནི་ འགོ་བཙུགས་དོ་ཟེར་ཨིན་པས།
ལས་སྡེ་གིས་ བཀྲིས་སྒང་མཁའ་གླིང་ དྭངས་གླིང་མཚོ་འགྱོ་ས་དང་ མོང་སྒར་ ཨཱ་བརྒྱ་གནས་འགྱོ་སའི་རྐང་ལམ་ བཟོ་ནི་སྦེ་ ངོས་འཛིན་འབད་ཡོདཔ་མ་ཚད་ ལྷུན་རྩེ་སྟག་མོ་ཆུ་ལུ་ཡོད་པའི་ ཆཱ་གི་སྔར་སྲོལ་ལམ་ལུགས་དེ་ ལྟ་བཤལ་གྱི་དོན་ལུ་ གོང་འཕེལ་གཏང་ནིའི་འཆར་གཞི་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *