ཀ་མལ་དཱན་ ལྕམ་གླིང་།

མཐའ་འཁོར་གནས་སྟངས་ཀྱི་ གྲོས་སྟོན་པ་ བསམ་རྩེ་ཕུན་ཚོགས་དཔལ་རིའི་ འདེམས་ངོ་ཨིནམ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་ཕུན་སུམ་ཚོགས་པ་གིས་ མཐའ་འཁོར་གནས་སྟངས་ཀྱི་ རང་དབང་གྲོས་སྟོན་པ་སྦེ་ ལཱ་འབད་མི་ ཀ་མལ་དཱན་ ལྕམ་གླིང་དེ་ བསམ་རྩེ་-ཕུན་ཚོགས་དཔལ་རི་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ནུག།
ཕུན་ཚོགས་དཔལ་རི་རྒེད་འོག་ལས་ཨིན་མི་ སྐྱེས་ལོ་༥༠ ལང་མི་ ལྕམ་གླིང་གིས་ རྒྱ་གར་ཨིན་དཱ་ར་ གཱན་དྷི་ནགས་ཚལ་གཙུག་ལག་སློབ་སྡེ་ལས་ ནགས་ཚལ་གྱི་ མཐོ་རིམ་ཤེས་ཚད་ མཐའ་འཁྱོལ་ཡོདཔ་ཨིན་པས།
ཁོ་གིས་ རྫོང་ཁག་ནགས་ཚལ་འགོ་དཔོན་སྦེ་ ལཱ་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༡༩༩༨ ལུ་ ཐིམ་ཕུག་ནགས་ཚལ་ཐོན་སྐྱེད་གོང་འཕེལ་སྡེ་ཚན་ལས་ དགོངས་ཞུ་འབད་དེ་ ད་ལྟོ་ ཁོ་ར་ ཐིམ་ཕུག་ལུ་ སྡོདཔ་ཨིན་པས།
མ་གཞི་ ཁོ་ར་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་བགྲེསཔ་ཅིག་ཨིན་རུང་ ད་རེས་ འབྲུག་ཕུན་སུམ་ཚོགས་པའི་ནང་ རང་རྐྱང་གི་ གྲོས་ཐག་བཅད་ཐོག་ལས་ འཛུལ་ཞུགས་འབད་ཡི་ཟེར་ ལྕམ་གླིང་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་པའི་ལྟ་བ་དང་ རྒྱལ་ཁབ་ཀྱི་དོན་ལུ་ ཡུན་བརྟན་གྱི་ དམིགས་དོན་ཡོད་མི་ལུ་བརྟེན་ ཁོ་ལུ་ ཡིད་ཆེས་ཐོབ་ཡོདཔ་བཞིན་དུ་ ད་ལྟོ་ ཁོ་ར་ འདེམས་ཁོངས་ནང་ ལྟ་སྐོར་འབད་བའི་བསྒང་ཡོད་མི་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ མི་སེར་ཚུ་ལས་ རྒྱབ་སྐྱོར་ག་དེ་སྦེ་ཡོདཔ་ཨིན་ན་ ཧ་གོ་ཚུགས་ནི་མས་ཟེར་ཨིན་པས།
ལྕམ་གླིང་གིས་ སླབ་མིའི་ནང་ མི་སེར་མང་ཤོས་ཅིག་གིས་ ཁོ་གི་སྐོར་ལས་ ཤེསཔ་བཞིན་དུ་ ཁོ་གིས་ཡང་ འབྲུག་ཕུན་སུམ་ཚོགས་པ་དེ་ རྒྱབ་སྐྱོར་སྒྲིང་སྒྲི་དང་ འགོ་ཁྲིདཔ་ལྕོགས་གྲུབ་ཅན་ཡོད་པའི་ ཚོགས་པ་ཅིག་སྦེ་ བརྩི་འཇོག་འབད་དོ་ཟེར་ཨིན་པས།
འདེམས་ཁོངས་དེ་ནང་ལས་ མི་སེར་དམངས་གཙོ་ཚོགས་པའི་འཐུས་མི་ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཌི་ཨེན་ ཌུང་གཱེལ་ཨིན་པས།
ཀ་མལ་དཱན་ ལྕམ་གླིང་དེ་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་དོན་ལུ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ངོ་སྤྲོད་འབད་མི་ལས་ ཨང་༦ པ་ཨིནམ་ད་ ད་རེས་ རྒྱལ་ཡོངས་ཚོགས་འདུ་ནང་ ཚོགས་པའི་འཐུས་མི་༡༤ ཡོདཔ་ཨིན།
ཚོགས་པ་གིས་ བཤད་མིའི་ནང ཧེ་མའི་ འདེམས་ངོ་དང་ ད་ལྟོའི་ འཐུས་མི་ག་ར་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་དོ་ཡོདཔ་མ་ཚད་ འདེམས་ངོའི་ཐད་ལུ་ བློ་བདེ་ཏོག་ཏོ་ཡོད་ཟེར་ཨིན་པས།
ད་རེས་ནངས་པར་ འབྲུག་ཕན་སུམ་ཚོགས་པ་གིས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ནང་ བཅའ་མར་མི་གཏོགས་ཟེར་ འཐོར་གཏམ་འདུག་ཟེར་ཨིན་རུང་ འདེམས་ངོ་ཚུ་ ངོ་སྤྲོད་འབད་མི་ལུ་བརྟེན་ ཚོགས་པ་དེ་ བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་བའི་ རྟགས་མཚན་སྟོནམ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *