མཐའ་ཟུར་ས་གནས་ཀྱི་ སོ་ནམ་ཚོང་ཁང་ ལ་ལོ་ཅིག་ནང་ མཁོ་ཆེ་བའི་ཅ་ཆས་ཚུ་ ཐོབ་མ་ཚུགས་པའི་དཀའ་ངལ།

༉ གཞུང་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ སོ་ནམ་ཚོང་ཁང་ གཞི་བཙུགས་འབད་རུང་ མཐའ་ཟུར་ས་གནས་ལ་ལོ་ཅིག་ནང་ མཁོ་ཆེ་བའི་ཅ་ཆས་ཚུ་ ཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ལས་ ཅ་ཆས་ཚུ་ མཐུས་ཤོར་མེད་པར་ བཀྲམ་སྤེལ་འབད་ཚུགས་ནིའི་དོན་ལུ་ འཆར་དངུལ་ཚུ་ ག་དེ་སྦེ་ དཔྱ་བགོ་རྐྱབ་དོ་ཡོདཔ་ཨིན་ནའི་སྐོར་ལས་ མགར་སའི་འཐུས་མི་ སངས་རྒྱས་མཁའ་འགྲོ་གིས་ དངུལ་རྩིས་བློན་པོ་ལུ་ ཞུ་ཡི།

འཐུས་མི་སངས་རྒྱས་མཁའ་འགྲོ་གིས་ ཞུ་མིའི་ནང་ གཞུང་གིས་ སོ་ནམ་ཚོང་ཁང་ གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་དེ་ དབུལ་ཕོངས་ཀྱི་ དཀའ་ངལ་སེལ་ནི་དང་ མི་སེར་ཚུ་གིས་ བཞེས་སྒོ་བཅུད་ཅན་ འཐོབ་ནིའི་དོན་ལུ་ ཕན་ཐོགས་ཡོདཔ་སྦེ་ཨིན་པས།
འཆར་གཞི་དང་ སྲིད་བྱུས་ དེ་ལས་ དམིགས་གཏད་ཚུ་ ལེགས་ཤོམ་ཡོད་དེ་འབད་རུང་ དཔེ་འབད་བ་ཅིན་ བཀྲིས་སྒང་གི་ས་གནས་ མེ་རག་བཟུམ་ཅིག་ནང་ མཁོ་ཆེ་བའི་ཅ་ཆས་ཚུ་ ཐོབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་སྦེ་ གོ་ཡི་ཟེར་ཞུ་ཡི།
དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ ས་གནས་ལ་ལོ་ཅིག་ནང་ སྣུམ་འཁོར་གྱི་ ལམ་ལེགས་ཤོམ་མེདཔ་ལས་བརྟེན་ མི་སེར་ཚུ་ལུ་ ཕན་ཐོགས་པའི་ཅ་ཆས་ཚུ་ དུས་ཚོད་ཁར་ སྐྱེལ་འདྲེན་འབད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ དེ་ཚུ་ སེལ་ཐབས་ཀྱི་ ཐབས་ཤེས་ཚུ་ ག་དེ་སྦེ་ར་ ཡོདཔ་ཨིན་ནའི་སྐོར་ལས་ཡང་ ཞུ་ཡོདཔ་ཨིན།
མ་གཞི་ ད་ལྟོ་རྒྱལ་ཁབ་ནང་ སོ་ནམ་ཚོང་ཁང་༡༡༩ གཞི་བཙུགས་འབད་ཡོདཔ་ད་ ད་རུང་ ལྷན་ཐབས་༨༦ གཞི་བཙུགས་འབད་ནིའི་ མ་དངུལ་ཚུ་ བཞག་སྟེ་ཡོདཔ་ལས་ གཞི་བཙུགས་འབད་ནི་རྐྱངམ་གཅིག་མེན་པར་ ད་ལྟོ་ཡོད་མི་ སོ་ནམ་ཚོང་ཁང་ཚུ་ ཡུན་བརྟན་ག་དེ་སྦེ་བཞག་ཐབས་དང་ ཅ་ཆས་ཚུ་ མཐུས་ཤོར་མེད་པར་ བཞག་ནིའི་དོན་ལུ་ འཆར་དངུལ་ཚུ་ ག་དེ་སྦེ་ཡོདཔ་ཨིན་ནའི་ ཞུ་བ་ཕུལ་ཡི།
དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ སོ་ནམ་ཚོང་ཁང་ཟེར་བའི་སྐབས་ ཚོང་ཁང་སྤྱིར་བཏང་ནང་ ཐོབ་པའི་ཅ་ཆས་ཚུ་ག་ར་ བཞག་ནི་མེད་དེ་འབད་རུང་ མི་སེར་ལུ་ ཉེ་བར་མཁོ་བའི་ ཅ་ཆས་ཚུ་ བཞགཔ་ཨིན་ཟེར་ ཞུ་ཡི།
མ་གཞི་ ལམ་གྱི་སྟབས་མ་བདེ་བའི་ ས་གནས་ཚུ་ནང་ མཐུས་ཤོར་བྱུང་དོ་ཡོདཔ་ཨིན་རུང་ དཔེར་ན་ ས་གནས་མེ་རག་དང་ ལུང་ནག་ནང་གི་ མི་སེར་ཚུ་ལུ་ ཞབས་ཏོག་སྤྲོད་ཐབས་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ལག་ལེན་འཐབ་ཐོག་ལས་ སྐྱེལ་འདྲེན་ཚུ་ འབད་དོ་ཟེར་ཞུ་ཡི།
གཞུང་གི་ཁ་ཐུག་ལས་ ཅ་ཆས་སྐྱེལ་འདྲེན་འབད་ནིའི་དོན་ལུ་ སོ་ནམ་ལྷན་ཁག་ལུ་ འགན་ཁུར་སྤྲོད་དེ་ཡོདཔ་ད་ སོ་ནམ་ལྷན་ཁག་གིས་ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ རྩིས་སྤྲོད་འབད་དེ་ཡོདཔ་ལས་ ཅ་ཆས་རྫོགས་མི་ཚུ་ ཁོང་ར་གིས་ འགན་ཁུར་འབག་སྟེ་ བསྐྱལ་དགོཔ་ཨིན་ཟེར་ བློན་པོ་གིས་ ཞུ་ཡི།
གཞུང་གི་ཁ་ཐུག་ལས་ དུས་དང་དུས་སུ་ མི་སེར་ལུ་ ཞབས་ཏོག་ཕུལ་ནིའི་ ཐུགས་ཐག་ཚུ་ གཅད་འོང་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *