མཐའ་ཟུར་གྱི་ མི་སེར་ཚུ་གིས་ ཤུལ་མའི་ཟླཝ་ནང་ རྒྱང་བསྒྲགས་གཉིས་ཆ་ར་ བལྟ་ཚུགས་ནི།

བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་ ཌི་ཨེན་ དུང་གེལ་གྱིས་ ཞུ་མིའི་ནང་ མཐའ་ཟུར་གྱི་ས་གནས་དང་ ལ་གོང་གསུམ་ལུ་སྡོད་མི་ཚུ་གིས་ སྤྱི་ཟླ་༧ པ་ལས་ འབྲུག་རྒྱང་བསྒྲགས་ལས་འཛིན་༡ པ་དང་༢ པ་གཉིས་ཆ་ར་ བལྟ་ཚུགས་ཟེར་ཨིན་པས།

དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༢ ལུ་ བྱང་ཐིམ་ཕུག་གི་འཐུས་མི་ ཚེ་རིང་གིས་ ལ་གོང་གསུམ་གྱི་ མི་སེར་ཚུ་ལུ་ ད་ཚུན་ གློག་མེའི་མཐུན་རྐྱེན་ཚུ་ གནང་ཡོད་པའི་ཁར་ གླིང་བཞི་རྫོང་གསར་བཞེངས་འབད་ཡོདཔ་མ་ཚད་ གནམ་གྲུའི་གླ་ཆ་བརྒྱ་༥༠ མར་ཕབ་འབད་དེ་ གནང་མི་ལུ་ དགའ་ཚོར་ཡོདཔ་ཨིན་རུང་ མདངས་ཞག་ཁམས་ཅིག་ཁར་ ལྷོ་ཨེ་ཤི་ཡ་འཕྲུལ་དཀར་ཐོག་ལས་ མོ་བཏབ་འབད་བའི་སྐབས་ ས་མཐོ་སར་ སྡོད་མི་ཚུ་གི་ ས་ཁོངས་ནང་ མཐར་འཁྱོལ་བྱུང་ཡོདཔ་ལས་ ཞབས་ཏོག་དེ་དང་ ཡོངས་འབྲེལ་གྱི་ མཐུན་རྐྱེན་ཚུ་ ནམ་བྱིན་ཚུགས་ག་ཟེར་ ཞུ་ཡི།

འབྲེལ་བློན་པོ་ཌི་ཨེན་དུང་གེལ་གྱིས་འབད་བ་ཅིན་ མོ་བཏབ་ལས་རིམ་དེ་ གླིང་བཞི་དང་ སོྲོས་ ནཱ་རོ་ལུ་ དུས་ཅི་ སྤྱི་ཟླ་༤ པའི་ནང་ འབད་བའི་སྐབས་ རྒྱང་མཐོང་ལེགས་ཤོམ་སྦེ་ བྱིན་ཚུགས་ཡོད་རུང་ མོ་བཏབ་སྐབས་ ཁྱིམ་གུང་པ་དག་པ་ཅིག་ནང་རྐྱངམ་གཅིག་ བྱིན་ཚུགས་ཏེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་ ལའུ་རི་དང་ གསེར་ཐིག་ས་གནས་ཚུ་ནང་ཡང་ མཐུན་རྐྱེན་དེ་ཚུ་ མོ་བཏབ་འབདཝ་ད་ ལེགས་ཤོམ་སྦེ་ བྱིན་ཚུགས་ནུག་ཟེར་ བློན་པོ་གིས་ཞུ་ཡི།

དེ་འབདཝ་ལས་ མཐུན་རྐྱེན་དེ་ཚུ་ བྱིན་ཐབས་ལུ་ འཕྲལ་ཁམས་ཅིག་ཁར་ རྫོང་བདག་གི་ ལོ་བསྟར་ཞལ་འཛོམས་སྐབས་ རྫོང་ཁག་རེ་ལུ་ འཕྲུལ་ཆས་གཉིས་རེ་ བགོ་བཀྲམ་འབད་མི་དེ་ཡང་ མཐའ་ཟུར་གཡུས་ཚན་ཚུ་ནང་ མོ་བཏབ་འབད་དེ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ཨིན་ཟེར་ ཞུ་ཡི།

ཞབས་ཏོག་དེ་གི་དོན་ལུ་ ད་ལྟོ་ རྒྱང་བསྒྲགས་ལས་འཛིན་གྱི་ ས་ཁོངས་ནང་ ཞབས་ཏོག་ཕབ་ལེན་འབད་ནིའི་ འཕྲུལ་ཆས་ཚུ་གཞི་བཙུགས་འབད་བའི་བསྒང་ཡོད་མི་ལས་༡ རྒྱ་གར་ལས་ ལྷོད་ནི་ཡོད་མི་ལུ་ བསྒུག་ཡོད་རུང་ ལཱ་ཕྱེད་ཀ་མཇུག་བསྡུ་ཚར་ནུག་ཟེར་ བློན་པོ་གིས་ ཞུ་ཡི།

གླིང་བཞི་དང་ སྲོས་ དེ་ལས་ ནཱ་རོ་ལུ་འབད་བ་ཅིན་ ཡོངས་འབྲེལ་ཞབས་ཏོག་ཡང་ བྱིན་ཏེ་ཡོད་རུང་ གཡུས་ཚན་གཞན་ཚུ་ནང་ རྒྱང་མཐོང་གི་ མཐུན་རྐྱེན་རྐྱངམ་གཅིག་ཡོདཔ་ཨིན་པས།

འབྲུག་རྗེས་སྒང་རྩེ་བཟང་གི་འཐུས་མི་ ཀརྨ་རྡོ་རྗེ་གིས་ འགྲུལ་འཕྲིན་གྱི་ ཞབས་ཏོག་སྤྱོད་མི་ཚུ་ སྟོང་པར་མེན་པར་ ཁྲལ་བཏབ་དོ་ཡོདཔ་ལས་ ཞབས་ཏོག་སྤྲོད་མི་གཉིས་ལས་ སྒེར་གྱི་ཨིན་མི་ བཀྲིས་འགྲུལ་འཕྲིན་དེ་ ཁྱབ་ཚད་དྲག་དོ་ཡོདཔ་ལས་ གཞུང་དབང་གི་ འབྲུག་བརྒྱུད་འཕྲིན་ཚད་དེ་ཡང་ ཡར་དྲག་གཏང་དགོཔ་འདུག་ཟེར་ཞུ་ཡི།

ཚལ་མ་ནང་འགྱོཝ་ད་ རྐྱེན་ངན་རེ་ འཐོན་པ་ཅིན་ འབྲེལ་བ་འཐབ་མ་ཚུགས་པའི་ དཀའ་ངལ་འཐོན་ནི་ཨིནམ་ལས་ ལྷན་ཁག་གིས་ ཁྱབ་ཚུགསཔ་ག་དེ་སྦེ་གནང་ནི་ཨིན་ན་ཟེར་ ཁོ་གིས་ ཞུ་ཡི།

བརྒྱུད་འབྲེལ་བློན་པོ་གིས་ འབྲུག་བརྒྱུད་འཕྲིན་ཚད་དེ་ འགོ་དང་པ་ གཞི་བཙུགས་འབད་མི་ཨིན་པའི་ཁར་ ལག་ལེན་འཐབ་མི་ཡང་ མངམ་ཡོད་རུང་ འཕྲུལ་ཆས་ཚུ་ རྙིངམ་ཐལ་ནི་དེ་གིས་ མཐུན་རྐྱེན་ལུ་ དཀའ་ངལ་ཐོན་དོ་འོང་ཟེར་ཞུ་ཡི།

བཀྲིས་འགྲུལ་འཕྲིན་དེ་ ཤུལ་ལས་ གཞི་བཙུགས་འབད་ནི་དེ་གིས་ འཕྲུལ་ཆས་གསརཔ་ཡོད་པའི་ཁར་ སྤྱོད་མིའི་གྱངས་ཁ་ཡང་ རྒྱ་ཆེཝ་སྦེ་ མེད་མི་ལུ་བརྟེན་ ཞབས་ཏོག་སྤྱོད་མི་ཚུ་ལུ་ དཀའ་ངལ་དེམ་ཅིག་ མི་ཐོན་དོ་འོང་ཟེར་ཞུ་ཡི།

ཨིན་རུང་ བློན་པོ་གིས་ ཁྱབ་ཚད་ཀྱི་ཐད་ཁར་ བཀྲིས་འགྲུལ་འཕྲིན་ཚད་ཀྱི་ ཞབས་ཏོག་དེ་ དྲག་དོ་ཡོད་མི་ལུ་ ངོས་ལེན་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *