མཉམ་འབྲེལ་ལྷབ་སྦྱང་ཐོག་ལས་ བྱ་གསོ་སྐྱོང་གི་ ཐོན་སྐྱེད་ཡར་དྲག་གཏང་ནི།

༉ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་ ཇའི་ཀ་གིས་ མི་ཡ་གི་བྱ་གསོ་སྐྱོང་ཁང་དང་ མཉམ་འབྲེལ་འབད་ཐོག་ལས་ རྩི་རང་ལུ་ བྱ་གསོ་སྐྱོང་ཁང་ཚུ་ ཡར་དྲག་གཏང་ནི་གི་ ལས་འགུལ་ཅིག་ འགོ་བཙུགསནུག།
ལས་འགུལ་ཡང་ སོ་ནམ་པ་ཚུ་ ཕྲ་འབུབ་གསོ་སྐྱོང་ནང་ ལྕོགས་གྲུབ་བཟོ་ནིའི་དོན་ལུ་ ལོ་གསུམ་གྱི་རིང་ དད་འདོད་ཅན་གྱི་ བྱ་གསོ་སྐྱོང་འབད་མི་ཚུ་ གཅིག་ཁར་འཛོམས་ཐོག་ལས་ ཕྲ་འབུབ་གསོ་སྐྱོང་འབད་ཐངས་ཀྱི་ ཐབས་རིག་དྲག་ཤོས་ཚུ་ ལྷབ་སྦྱང་འབད་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པས།
ལས་འགུལ་དེ་གི་ཐོག་ལས་ རྫོང་ཁག་ནང་ལས་ བྱ་གསོ་སྐྱོང་འབད་མི་ སོ་ནམ་པ་༡༠༠ ལྷབ་ཅིག་ གྲལ་གཏོགས་འབད་བཅུག་ནི་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ ཤུན་སུ་ཀི་ཨི་ཤ་ད་གིས་ སླབ་མིའི་ནང་ ལས་འགུལ་གྱི་དོན་ལས་ སྒོ་གསར་གླིང་རྒེད་འོག་དེ་ གདམ་ཁ་རྐྱབ་སྟེ་ཡོདཔ་བཞིན་དུ་དེ་ནང་ མོ་བཏབ་ཀྱི་ ལས་སྣ་ཅིག་ གོང་འཕེལ་གཏང་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སྒོ་གསར་གླིང་ལུ་ བྱ་གསོ་སྐྱོང་ཁང་མངམ་ཡོདཔ་ལས་ འཕྲུལ་ཆས་ལག་ལེན་འཐབ་ད་ བྱ་སྟབས་བདེ་ནིའི་དོན་ལུ་ རྫོང་ཁག་གིས་ གདམ་ཁ་རྐྱབ་ནུག་ཟེར་ཨིན་པས།
ལས་འགུལ་དེ་གིས་ མོ་བཏབ་ཀྱི་ བྱ་གསོ་སྐྱོང་ཁང་ཅིག་རྐྱབ་ནི་དང་ སྦྱོང་བརྡར་ཡང་ འགོ་འདྲེན་འཐབ་ནི་ཨིནམ་ད་ མོ་བཏབ་ལས་འགུལ་དེ་ སང་ཕོད་སྤྱི་ཟླ་༢ པའི་ནང་ མཇུག་བསྡུ་ནི་དང་ བྱ་གསོ་སྐྱོང་མཁས་ཆོག་ མི་ཡ་གི་མོ་རི་ཧའི་ཀོ་གིས་ རྫོང་ཁག་ནང་ ལྟ་སྐོར་འབད་དེ་ སྦྱོང་བརྡར་བྱིན་ནི་ཨིན་པས།
སྦྱོང་བརྡར་བྱིན་ཚར་ཞིནམ་ལས་ མི་སྡེའི་ནང་ བྱ་གསོ་སྐྱོང་གི་སྐོར་ལས་ ལྷབ་སའིས་གོ་འཐོབ་འོང་ཟེར་ ཤུན་སུ་ཀི་ཨི་ཤ་ད་གིས་ བཤད་པའི་ཁར་ སྦྱོང་བརྡར་ནང་ ཕྲ་འབུབ་ཚུ་གི་སྐོར་ལས་ལྷབ་སྟེ་ བྱ་གསོ་སྐྱོང་ཁང་ལས་ དྲི་ངན་མནམ་ནི་ཚུ་ བཀག་ཐབས་འབད་ཚུགས་ཟེར་ བཤདཔ་མ་ཚད་ བྱའི་ཐོན་སྐྱེད་དང་ ལུད་ཚུ་ཡང་ ལེགས་ཤོམ་འཐོན་འོང་ཟེར་ བཤདཔ་ཨིན་པས།
ཕྲ་འབུབ་གསོ་སྐྱོང་ལུ་བརྟེན་ བྱ་གསོ་སྐྱོང་ཁང་གི་ འོང་འབབ་བརྒྱ་ཆ་༢༠ དེ་ཅིག་ ཡར་སེང་འགྱོ་ནི་གི་ འོས་འབབ་ཡོདཔ་ཨིན་པས།
ལས་འགུལ་གྱི་ འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ཁྲོམ་ཁར་ སྒོང་རྡོག་གི་ གོང་ཚད་ཡར་མར་འགྱོ་འོང་ཟེར་ཨིནམ་ད་ ཕྲ་འབུབ་ཐབས་ལམ་ལུ་བརྟེན་ སྒོང་རྡོག་གི་ ཐོན་སྐྱེད་ཚད་དང་ལྡནམ་སྦེ་ བཟོ་ཚུགས་ཟེར་ཨིན་པས།
རྩི་རང་དེ་ རང་བཞིན་གྱི་ ཚོད་ཚོད་སྲེད་ཐོན་སྐྱེད་འབད་སའི་ རྫོང་ཁག་ཅིག་སྦེ་ ཡོངས་གྲགས་ཐོན་དོ་བཟུམ་ སྒོང་རྡོག་གིས་ཡང་ ཡོངས་གྲགས་འཐོན་འོང་ཟེར་ འཛིན་སྐྱོང་པ་གིས་ བཤད་པའི་ཁར་ སོ་ནམ་པ་ཚུ་གིས་ བྱ་གསོ་སྐྱོང་ཁང་ཡང་ སོར་བསྒྱུར་འབད་ནི་གི་ འོས་འབབ་བལྟ་དགོ་ཟེར་ཨིན་པས།
ལས་འགུལ་གྱིས་ སོ་ནམ་པ་ཚུ་ལུ་ སྦྱང་བ་བྱིན་ཞིནམ་ལས་ ལས་འགུལ་གྱི་ གོ་རིམ་༣ པའི་ནང་ ཕྲ་འབུབ་གཤེར་ཁུའི་བཀྲམ་སྤེལ་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ཨིནམ་ད་ སྤྱི་ལོ་༢༠༢༡ ཟླ་༩ པ་ལས་ མི་སེར་ཚུ་གི་ ལྷན་ཐབས་ལུ་ ཕྲ་འབུབ་གསོ་སྐྱོང་གི་ ལམ་སྟོན་དཔེ་དེབ་ཅིག་ཡང་ གྲ་སྒྲིག་འབད་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *