མཉམ་འབྲེལ་གང་དྲག་འབད་དགོཔ།

༉ ད་རེས་ནངས་པར་ ནད་ཡམས་ཀོ་རོ་ན་བའེ་རཱསི་ ཡོངས་གྲགས་ལུ་ ཀོ་བིཌ་-༡༩ ཟེར་ སླབ་མི་འདི་ རླུང་མའི་ནང་ ནགས་མེ་ཁྱབ་སྤེལ་འགྱོ་དོ་བཟུམ་ མི་སྡེའི་ནང་ རྣམ་རྟོག་ལང་སི་སི་སྦེ་ འཕྱེལ་འགྱོ་དོ་ཡོདཔ་ལས་ གཞུང་དང་ མི་སེར་ག་ར་ ཨ་རྟག་དང་མ་འདྲ་བའི་ ཚ་གྱང་ལང་དགོཔ་ བྱུང་སྟེ་ཡོདཔ་ཨིན།

ང་བཅས་རྣམ་རྟོག་ལང་དགོཔ་ བྱུང་མི་དེ་ཡང་ ཁ་ཙ་ ཉིནམ་༡ ནང་ར་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་༣༨ བདའ་ཟུན་མི་དེ་ ད་ཚུན་གྱི་བར་ན་ གྱངས་ཁ་མཐོ་ཤོས་ཅིག་ཨིནམ་ད་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ ཐིམ་ཕུག་ལས་འགོ་བཙུགས་ རྒྱལ་ཡོངས་ལུ་ འགྲུལ་སྐྱོད་བཀག་དམ་འབད་དེ་ ཉིན་གྲངས་༦ གི་ནང་འཁོད་ལུ་ར་ མི་༡༡༠ ལུ་ ནད་འབུབ་ཐོབ་སྟེ་ཡོདཔ་ བདའ་ཟུན་ནུག།

ཁ་ཙ་ ནད་འབུབ་ཐོབ་མི་༣༨ བདའ་ཟུན་མི་ལས་༢༩ འདི་ ཐིམ་ཕུག་ལས་ཨིནམ་ད་ ནད་ཡམས་དེ་ དར་དཀར་ནང་དང་ ཀྲོང་གསར་ བུམ་ཐང་ དབང་འདུས་ཕོ་བྲང་ སྤུ་ན་ཁ་ སྤ་རོ་ ཧཱ་ཚུ་ནང་ ཁྱབ་སྤེལ་ཡར་སོ་ནུག།

ཧེ་མ་འབད་བ་ཅིན་ ནད་འབུབ་ཐོབ་མི་ མང་ཤོས་ར་ ཕུན་ཚོགས་གླིང་ལས་ ཐོནམ་ཨིན་རུང་ ད་རེས་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་ མི་སྡེ་ནང་ལས་ ཁྱབ་སྤེལ་སོང་ཡོདཔ་ལས་ ད་ལྟོ་ གསོ་བ་ལྷན་ཁག་གིས་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་མི་ཚུ་གིས་གཙོས་པའི་ མི་མང་བརྟག་དཔྱད་འབད་བཞིན་དུ་ཡོདཔ་ལས་ ཁ་ཙ་ཐིམ་ཕུག་རྐྱངམ་གཅིག་ལུ་ར་ མི་༥,༠༠༠ ལྷགཔ་ཅིག་གི དཔེ་ཚད་ཚུ་ ལེན་ཡོདཔ་ལས་ ་ནད་འབུབ་ཐོབ་མི་མང་སུ་ འཐོན་ནི་བཟུམ་མཐོངམ་མས།

ཧཱ་དང་སྤ་རོ་ལུ་ འབད་བ་ཅིན་ ནད་ཡམས་དེ་ ལོ་འབག་དུས་སྟོན་བརྩི་སྲུང་ནང་ལས་ ཁྱབ་སྤེལ་འགྱོ་དོ་བཟུམ་ཅིག་ཡོདཔ་ད་ གཅིག་ལས་བལྟ་བ་ཅིན་ གཞུང་དང་གསོ་བ་ལྷན་ཁག་གིས་ མི་མང་ལུ་ འཛོམས་འདུ་རུག་རུ་དང་ སྤྲོ་སྟོན་འབད་ནི་ མདའ་རྩེད་ལ་སོགས་པ་ ག་དེ་དྲག་དྲག་ འཛེམ་དགོ་པའི་ ཞུ་བསྐུལ་འབད་དང་འབད་བཞིན་ཡོད་རུང་ དེ་ལུ་ བརྩི་མཐོང་མ་བསྐྱེད་པའི་ བརྡ་མཚོན་གསལ་སྟོན་བྱུང་ཡི།

ད་རེས་ གཞུང་གིས་ རྒྱལ་ཡོངས་ལུ་ འགྲོ་འགྲུལ་བཀག་དམ་འབད་མི་དེ་ གཙོ་བོ་ར་ ནད་ཡམས་འཕྱེལ་འགྱོ་ནི་ལས་ བཀག་ཐབས་ལུ་ཨིན་རུང་ མི་ལ་ལོ་གིས་ བཀག་དམ་ལུ་ མེས་མེད་བཅོས་ཐོག་ལས་ མ་བདེན་པའི་ རྫུན་གཏམ་དང་ འཐོར་གཏམ་ཚུ་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་འབད་མི་དེ་གིས་ ཧེང་སྐལ་ར་ མི་ཚུ་ལུ་ འདྲོག་བྱེལ་དང་ སྤྱགས་སྡུག་འཐབ་བཅུགཔ་ཨིན་མས།

ད་རེས་ཀྱི་ དུས་ཚོད་ནང་ འགྲུལ་སྐྱོད་བཀག་དམ་འབད་བའི་ ནམ་དུས་ལུ་ གཞུང་དང་མི་སེར་ལགཔ་མཐུད་དེ་ ཁྱིམ་ནང་གི་ བཟའ་ཚང་བཟུམ་སྦེ་ ནད་ཡམས་ལུ་ གདོང་ལེན་འབད་དགོཔ་ ག་ནི་བ་གལ་ཆེ།

མི་ཚུ་ལས་ རྒྱབ་སྐྱོར་དང་ མཉམ་འབྲེལ་དེ་ ག་ཅི་བཟུམ་འབདགོཔ་སྨོ་ཟེར་བ་ཅིན་ ནད་ཡམས་ཀོ་རོ་ན་བའེ་རཱསི་ལས་ ཉེན་སྐྱོབ་དང་ སྨན་བཅོས་དྲག་ཤོས་ར་ འགྲུལ་སྐྱོད་བཀག་དམ་གྱི་ སྒྲིག་གཞི་ལུ་ དམ་དམ་སྦེ་ དང་ལེན་འབད་དེ་ རང་སོའི་ཁྱིམ་ནང་ར་ སྡོད་ནི་དང་ ཚ་རིམས་དང་འབྲེལ་བའི་ ནད་རྟགས་རེ་ འཐོན་པ་ཅིན་ དེ་འཕྲོ་ལས་ ཚ་རིམས་སྨན་བཅོས་ཁང་ནང་ བརྟག་དཔྱད་འབད་བར་འགྱོ་ནི་དང་ དེ་མིན་རུང་ འབྲེལ་ཡོད་ངོ་ཚབ་ཚུ་དང་ འབྲེལ་བ་འཐབ་སྟེ་ གྲོགས་རམ་ལེན་དགོ།

མ་གཞི་ གནམ་དགུན་དེ་ རྫོང་ཁག་མང་ཤོས་ཅིག་ནང་ ལོ་ཆོག་དང་ དཀོན་མཆོག་མཆོད་ནིའི་ དུས་ཚོད་ཨིན་རུང་ ནད་ཡམས་ཀྱི་ གནས་སྟངས་དང་འཁྲིལ་ མི་སེར་ཚུ་གིས་འབད་རུང་ གསོ་བ་དང་ རྫོང་ཁག་གི་ ཁྱབ་བསྒྲགས་ཚུ་ལུ་ གནས་ཐོག་ལས་ ནད་ཡམས་དེ་ ཁྱབ་སྤེལ་འགྱོ་མ་བཅུག་པར་ བཞག་ནི་གི་ བརྩོན་ཤུགས་ལུ་ ག་དེ་དྲག་དྲག་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་དགོཔ་དེ་ ཧ་ཅང་གིས་གལ་ཆེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *