མཆོད་རྟེན་སློངས་མི་ ཕོ་སྐྱེས་༡ ལུ་ ཚེ་བཙོན་བཀལ་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༢༢ ལུ་ བཀྲིས་གཡང་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ མཆོད་རྟེན་སློངས་མི་ ཕོ་སྐྱེས་༡ ལུ་ དབྱེ་རིམ་དང་པའི་བཙོན་ཁྲིམས་ ཚེ་བཙོན་བཀལ་ཡོདཔ་ཨིན་པས།

དེ་ཡང་ ཁམས་དྭངས་རྒེད་འོག་ ཁམས་དྭངས་རྒེད་གཡུས་ཚན་ལས་ སྐྱེས་ལོ་༣༤ ལང་མི་ ད་ཟ་གིས་ སྟོད་ཚོ་རྒེད་འོག་ ཕྱོ་ལབ་ཙའི་གཡུས་ཚན་ནང་ བྱང་ཆུབ་མཆོད་རྟེན་ཅིག་ སློངས་ཡོདཔ་ཨིན་པས།

ཁྲིམས་འདུན་ལས་གནང་མི་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ ཁྲིམས་དེབ་ཀྱི་དོན་ཚན་༩༦.༣ དང་འཁྲིལ་ ཐེ་ཚོམ་ལས་གྲོལ་བའི་རྒྱུ་མཚན་ མངོན་རྟགས་ ཁྲིམས་སའི་ རེ་སྐོངས་ཡོངས་སུ་རྫོགས་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༨ པ་དང་༣༥༢ དང་འཁྲིལ་ དབྱེ་རིམ་དང་པའི་ ཉེས་ཁྲིམས་སྨིན་དགོ་ཟེར་ བཀོད་དེ་འདུག།

རྩོད་ཟླ་ད་ཟ་གིས་ སློབ་རིམ་༤ པ་ཚུན་ཚོད་ སློབ་སྦྱོང་འབད་བའི་ཁར་ ཁོ་རའི་ཨ་རྒས་ལས་ ནང་པའི་ཆོས་ལྷབ་སྦྱང་འབད་ཡོདཔ་མ་ཚད་ ཆོས་དང་ལམ་སྲོལ་སྐོར་ལས་ མཐར་ཕྱིན་ཏེ་ བལྟ་རྒྱ་མཐོང་རྒྱ་ཡོད་མི་ཅིག་ཨིནམ་ལས་ ཤེས་བཞིན་བསམ་བཞིན་དུ་ སྣང་མེད་དང་ བསམ་སྦྱོར་སྒོ་ལས་ གནོད་འགེལ་འབད་ཡོདཔ་ལས་ ཉེས་འགེལ་ཁྲིམས་དེབ་དོན་ཚན་༧༠ པ་དང་ལྟར་ ཁྲིམས་འཐུས་ཕུལ་མ་ཆོག་པའི་ ཚེ་བཙོན་སྨིན་དགོ་ཟེར་ འཁྲུན་ཆོད་ནང་བཀོད་ནུག།

རྩོད་ཟླ་གིས་འབད་རུང་ ཉེས་ལས་འཐབ་ཡོད་པའི་ ཁས་ལེན་འབད་ཡོདཔ་ད་ རྩོད་ཟླ་ཁོ་ར་ སྤྱི་ལོ་༢༠༢༠ ཟླ་༡༢ པའི་ཚེས་༨ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༣༥༡ པའི་ དགོངས་དོན་དང་འཁྲིལ་བ་ཅིན་ སྐུ་གཟུང་ཐུག་རྟེན་ནམ་ གཟུངས་དང་འབྲེལ་བའི་གནོད་འགེལ་གྱི་ ཉེས་སྐྱོན་ཨིན་པ་ཅིན་ དབྱེ་རིམ་དང་པའི་ཉེས་ཆེན་ ཁྲིམས་ཚད་མཐོ་ཤོས་ ཚེ་བཙོན་སྨིན་དགོཔ་ཨིན་པས།

རྩོད་ཟླ་གིས་སློངས་མི་ མཆོད་རྟེན་གྱི་ནང་རྟེན་ མིག་ཏོ་༤ འབད་མི་ གཟི་གནགཔོ་༢ དང་ བྱུ་རུ་ཁ་དོག་དམརཔོ་འབད་མི་༢ ཡང་ ལོག་ཐོབ་ཡོདཔ་ཨིན་པས།

འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་ཀྱི་དོན་ཚན་༡༨༡.༤ པ་དང་འཁྲིལ་ བཙན་ལེན་འབད་མི་ ནང་གཟུངས་ཚུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ངོ་ཚབ་ཀྱིས་ འབྲེལ་ཡོད་དབང་འཛིན་དང་ རྒེད་འོག་གི་རྒཔོ་ ངོ་འཛོམས་ཐོག་ལས་ ཕྱོ་ལབ་ཙའི་ མི་སྡེའི་མཐའ་དོན་ལུ་ རྩིས་སྤྲོད་དགོ་པའི་ཁར་ རྩིས་སྤྲོད་འབད་ཡོད་པའི་ སྙན་ཞུ་ཅིག་ཁྲིམས་འདུན་ལུ་ ཕུལ་དགོ་ཟེར་ འཁྲུན་ཆོད་ནང་བཀོད་ནུག།

རྩོད་ཟླ་གིས་ ཁྲིམམས་འདུན་ལས་གནང་མི་ འཁྲུན་ཆོད་གུ་ ཁེ་རྒུད་མ་བཏུབ་པ་ཅིན་ ཞག་གྲངས་༡༠ གྱི་ནང་འཁོད་ མཐོ་གཏུགས་ཞུ་ནིའི་ གོ་སྐབས་གནང་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *