མཆོད་རྟེན་སློངས་མི་ ཕོ་སྐྱེས་༤ ལུ་ ཉེས་ཁྲིམས་ཚེ་བཙོན་བཀལ་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༣ ལུ་ བཀྲིས་སྒང་ཁྲིམས་འདུན་གྱིས་ མཆོད་རྟེན་སློངས་མི་ ཕོ་སྐྱེས་༤ ལུ་ དབྱེ་རིམ་དང་པའི་ཉེས་ཁྲིམས་ ཚེ་བཙོན་བཀལ་ནུག།

དེ་ཡང་ སྐྱེས་ལོ་༣༦ ལང་མི་ ཤེས་རབ་མཐའ་ཡས་དང་ སྐྱེས་ལོ་༣༣ ལང་མི་ ཚེ་དབང་རྒྱལ་མཚན་༢ ཕོངས་མེད་རྒེད་འོག་ལས་ཨིནམ་ད་ སྦིས་གདུང་ལས་ཨིན་མི་ སྐྱེས་ལོ་༢༦ ལང་མི་ དབང་ཆེན་དང་ སྐྱེས་ལོ་༢༣ ལང་མི་ བློ་བཟང་དབང་ཕྱུག་ཚུ་ཨིན་པས།

ཁོང་ག་ར་ སྐུ་གསུང་ཐུགས་རྟེན་ནམ་ གཟུངས་དང་འབྲེལ་བའི་ གནོད་འགེལ་འབད་ཡོདཔ་ད་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མ་དང་འཁྲིལཝ་ད་ དབྱེ་རིམ་དང་པའི་ཉེས་ཁྲིམས་ ཚེ་བཙོན་སྨིན་དགོཔ་སྦེ་ཨིན་པས།

འཁྲུན་ཆོད་དང་འཁྲིལ་བ་ཅིན་ སྐྱེས་ལོ་༣༦ ལང་མི་ ཤེས་རབ་མཐའ་ཡས་ལུ་ ཉེས་འཛུགས་ཁག་༤ འབད་ཡོདཔ་ད་ ཁོ་གིས་ སྦིས་གདུང་རྒེད་འོག་གི་ས་གནས་ རྩིག་གཏུམ་ལུ་ཡོད་པའི་ གླུ་འབུམ་མཆོད་རྟེན་དང་ ས་གནས་བྱི་ལུང་ལུ་ཡོད་པའི་ རྣམ་རྒྱལ་ཁང་བཟང་མཆོད་རྟེན་ དེ་ལས་ ཕོངས་མེད་རྒེད་འོག་གི་ མ་ཎི་གདངས་རིངམོ་མཆོད་རྟེན་དང་ བུམ་པ་མཆོད་རྟེན་༤ སློངས་ནུག་ཟེར་ཨིན་པས།

འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ ལེའུ་༣ པའི་དོན་ཚན་༧ པའི་ ཁ་པའི་དགོངས་དོན་ལྟར་ རྩོད་ཟླ་ཤེས་རབ་མཐའ་ཡས་ཁོ་ར་ འཛིན་བཟུང་འབད་བའི་ཉིནམ་ལས་འགོ་བཟུང་ དབྱེ་རིམ་དང་པའི་ཉེས་ཁྲིམས་ ཚེ་བཙོན་སྨིན་དགོ་ཟེར་ འཁྲུན་ཆོད་ནང་བཀོད་ཡོདཔ་ད་ སྤྱི་ལོ་༢༠༢༠ ཟླ་༨ པའི་ཚེས་༥ ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྦིས་གདུང་རྡོ་གོ་རོམ་ལས་ཨིན་མི་ རྩོད་ཟླ་དབང་ཆེན་ལུ་ཡང་ ཉེས་འཛུགས་ཁག་༣ བཙུགས་ཡོདཔ་ད་ ཁོང་ཡང་ ཁྲིམས་དེབ་དེའི་དོན་ཚན་༣༥༢ དང་ དོན་ཚན་༨ པ་དང་འཁྲིལ་ དབྱེ་རིམ་དང་པའི་ཉེས་ཅན་ ཁྲིམས་ཚད་མཐོ་ཤོས་ཚེ་བཙོན་བཀལ་ནུག།

རྩོད་ཟླ་དབང་ཆེན་གྱིས་ ཁོ་རའི་ ཆ་རོགས་ཤེས་རབ་མཐའ་ཡས་དང་ བློ་བཟང་དབང་ཕྱུག་ ཁོང་༣ གྲོས་བསྟུན་ཐོག་ལས་ མཆོད་རྟེན་གསུམ་སློངས་ཡོདཔ་སྦེ་ ཁྲིམས་འདུན་ལུ་ ཁས་ལེན་འབད་ཡོདཔ་ད་ ངག་བརྗོད་ནང་ཡང་ ངེས་བདེན་ཨིནམ་སྦེ་ ཕུལ་ཡོདཔ་ཨིན་པས།

ཆ་རོགས་ཤེས་རབ་མཐའ་ཡས་དང་ དབང་ཆེན་ཁོང་༣ གྲོས་བསྟུན་ཐོག་ལས་ མཆོད་རྟེན་སློང་བའི་སྐབས་ རྩོད་ཟླ་ཁོ་ར་ གཡས་དང་ གཡོན་ལས་ བྱ་ལྟ་མི་འབད་སྡོད་ཡི་ཟེར་ འཁྲུན་ཆོད་ནང་བཀོད་ནུག།

འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་ དོན་ཚན་༩༦.༢ པ་དང་བསྟུན་ ཐེ་ཚོམ་གྲོལ་བའི་རྒྱུ་མཚན་ ཁྲིམས་འདུན་གྱི་ རེ་སྐོང་ཡོངས་སུ་རྫོགས་པར་སྟོན་ཡོདཔ་ལས་ དབྱེ་རིམ་དང་པའི་ཉེས་ཁྲིམས་ ཚེ་བཙོན་བཀལ་ཡོདཔ་ཨིན་པས།

འཁྲུན་ཆོད་དང་འཁྲིལ་བ་ཅིན་ རྩོད་ཟླ་ཚེ་དབང་རྒྱལ་མཚན་ཡང་ མ་ཎི་གདངས་རིངམོ་མཆོད་རྟེན་སློངས་མིའི་ནང་ གྲལ་གཏོགས་འབད་ཡོདཔ་ལས་ ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༣༥༡ པའི་དགོངས་དོན་ལྟར་ དབྱེ་རིམ་དང་པའི་ཉེས་ཆེན་ ཁྲིམས་ཚད་མཐོ་ཤོས་ ཚེ་བཙོན་བཀལ་ཡོདཔ་ཨིན་པས།

མཆོད་རྟེན་སློང་པར་འགྱོ་ནིའི་དོན་ལུ་ ཁོ་རའི་ཆ་རོགས་ ཤེས་རབ་མཐའ་ཡས་དང་ དབང་ཆེན་གྱིས་ ཁོ་ལུ་དངུལ་ཀྲམ་༡༥༠༠༠ སྤྲོད་ནུག་ཟེར་ཨིན་པས།

ནང་རྟེན་ཚུ་ག་ར་ ལོག་ཐོབ་ཡོདཔ་བཞིན་དུ་ རྩོད་ཟླ་༤ གིས་ སློངས་ཡོད་པའི་མཆོད་རྟེན་ཚུ་ཡང་ མིག་ཏོ་༤ འབད་མི་ གཟི་གནགཔོ་གཅིག་དང་ མིག་ཏོག་༣ འབད་མི་༢ བྱུ་རུ་༤ དེ་ལས་ རྒྱུ་ཟངས་ལས་སྒྲུབ་པའི་ཁྲོ་ཚུ་ཨིནམ་ད་ མཆོད་རྟེན་སློངམ་དང་ ལག་ལེན་འཐབ་མི་ཅ་ཆས་ཚུ་ རྩོད་དཔོན་ཡོངས་ཁྱབ་ལུ་ རྩིས་སྤྲོད་འབད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *