མཆོད་རྟེན་སློངས་མི་ ཕོ་སྐྱེས་ཅིག་ལུ་ ཚེ་བཙོན་བཀལ་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༨ ལུ་ སྐྱེས་ལོ་༣༤ ལང་མི་ ཕོ་སྐྱེས་ཅིག་ལུ་ མཆོད་རྟེན་སློངས་མི་ལུ་བརྟེན་ བཙོན་ཁྲིམས་ཚེ་བཙོན་བཀལ་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༨ ལུ་ ཉེས་ཅན་གྱིས་ བཀང་ལུང་རྒེད་འོག་ རི་ཚང་གདུང་སྤྱི་འོག་ ཆེ་མ་གཡུས་ཚན་ནང་ ནུབ་མོའི་ཆུ་ཚོད་༡༠ དང་སྐར་མ་༢༨ དེ་ཅིག་ཁར་ ཉེས་ཅན་གྲུབ་ཐོབ་རྡོ་རྗེ་གིས་ མཆོད་རྟེན་སློངས་སྡོད་པའི་སྐབས་ ཕོ་སྐྱེས་༧ འབད་མི་ སྡེ་ཚན་ཅིག་གིས་ མཐོང་ཡོདཔ་ཨིན་པས།
ཕོ་སྐྱེས་ཚུ་གིས་མཐོངམ་ཅིག་ གྲུབ་ཐོབ་རྡོ་རྗེ་གིས་ ས་ཁོངས་ནང་ལས་ བྱོག་སོང་ཡོད་རུང་ ཁོ་གིས་སློངས་ནིའི་དོན་ལུ་ ལག་ལེན་འཐབ་མི་ གྱི་ཅུང་དང་ ཆུ་ལྷམ་ཆ་༡ ས་ཁོངས་ནང་བཞག་ཡོདཔ་ད་ ཕོ་སྐྱེས་ཚུ་གིས་ དེ་འཕྲོ་ལས་ གཡུས་ཁའི་ཚོགས་པ་ལུ་ སྙན་ཞུ་འབད་དེ་ བཀང་ལུང་ལུ་ཡོད་མི་ མི་སྡེའི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་འབད་མི་སྡེ་ཚན་གྱིས་ མཆོད་རྟེན་དེ་གི་ ཤར་ཕྱོགས་ཁ་ཐུགས་ལས་ སློངས་ཡོདཔ་སྦེ་མཐོང་ཡོདཔ་ད་ ཉེས་ཅན་དེ་ཡང་ དེ་གི་ནངས་པར་ ཉིན་མའི་ཆུ་ཚོད་༡ དེ་ཅིག་ཁར་ ཁོ་རའི་ཁྱིམ་ནང་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ཕུལ་མི་ སྙན་ཞུ་དང་འཁྲིལཝ་ད་ གྲུབ་ཐོབ་རྡོ་རྗེ་གིས་ བྱ་ངན་ཚུ་འབད་བའི་ ཁ་བཟེད་ཡོདཔ་མ་ཚད་ ས་ཁོངས་ནང་ལུས་མི་ ཆུ་ལྷམ་ཆ་ཅིགཔོ་དེ་ཡང་ ཁོ་གི་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
དེ་མ་ཚད་ ཁོ་གིས་ མཆོད་རྟེན་ནང་ལས་ ཨར་རྐུན་འབད་མི་ ཅ་ཆས་ཚུ་ཡང་ ཁ་བཟེད་ཡོདཔ་མ་ཚད་ ཅ་ཆས་ཚུ་ ཚལ་མ་ནང་སྦ་བཞག་ཡོདཔ་ཨིན་པས།
བྱ་ངན་དེ་ལུ་ ཁ་བཟེད་པའི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ ཨར་རྐུན་འབད་མི་ ཅ་ལ་ཚུ་ཐོབ་ཚུགས་ཡོདཔ་ད་ འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་ཅན་གྱིས་ ཁ་བཟེད་མི་དང་ ཁོ་གི་ཅ་ལ་ཚུ་ ས་ཁོངས་ནང་ལས་ཐོབ་མི་ དེ་ལས་ མཆོད་རྟེན་ནང་ལས་ ཨར་རྐུན་འབད་མི་ཚུ་ ཚལ་མ་ནང་སྦ་བཞག་མི་ཚུ་ ཁོ་གིས་ ས་ཁོངས་ངོས་འཛིན་འབད་དེ་ ལོག་ཐོབ་མི་ཚུ་ལུ་གཞི་བཞག་སྟེ་ གྲུབ་ཐོབ་རྡོ་རྗེ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༥༡ ཀ་པ་དང་ དོན་ཚན་༧ པའི་ཁ་པ་དང་འཁྲིལ་ ཚེ་བཙོན་བཀལ་ཡོད་ཟེར་བཀོད་ནུག།
ཁྲིམས་དེབ་དེའི་ དོན་ཚན་༣༥༡ ཀ་པ་དང་འཁྲིལཝ་ད་ ཉེས་འཛུགས་ཅན་ལུ་ སྐུ་གསུང་ཐུགས་རྟེན་དང་ ཡང་ཅིན་ ནང་གཟུངས་ཚུ་ མཆོད་རྟེན་དང་སྐུ་རྟེན་ཚུ་ནང་ལས་ བཏོན་པའི་ཉེས་འཛུགས་ཕོག་ཟེར་ཡོད་པའི་ཁར་ དེའི་བྱ་ངན་དེ་ དབྱེ་རིམ་དང་པའི་ཉེས་ཁྲིམས་ཕོག་ནི་ཨིན་པས།
ཨིན་རུང་ གཡུས་ཚན་དེ་གི་ མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གྲུབ་ཐོབ་རྡོ་རྗེ་དེ་ སེམས་ཁམས་ཀྱི་ ནད་གཞི་ཡོད་ཟེར་ཨིན་པའི་ཁར་ གཡུས་ཁའི་ཚོགས་པ་ བཀྲིས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སྐབས་སྐབས་དྲན་པ་ཡོད་རུང་ འཕྲལ་འཕྲལ་འབད་བཞག་རྔམས་སི་སི་ཚུ་ འབད་ནི་ཡོད་ཟེར་ཨིན་པས།
གྲུབ་ཐོབ་རྡོ་རྗེ་དེ་ རྣམ་ཅོག་ཡང་ ལེགས་ཤོམ་སྦེ་ མི་གོ་དོ་ཡོདཔ་ད་ ཁ་སླབ་པའི་སྐབས་ལུ་ཡང་ སིག་དོ་ཡོད་རུང་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ སྨན་ཁང་ནང་ལས་ ཁོ་ལུ་ སེམས་ཁམས་ཀྱི་ནད་གཞི་ཡོད་པའི་རྟགས་མཚན་ མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *