མཆོད་རྟེན་སློངས་མི་གནད་དོན་ནང་ འབྲེལ་བ་ཡོད་མི་ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༥ དང་ཟླཝ་༦ བཀལ་ཡོདཔ།

༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༣༣ ལང་མི་ བསོད་ནམས་ཚེ་རིང་ལུ་ མཆོད་རྟེན་ནང་ གཟུངས་སློངས་ཡོད་པའི་ གནད་དོན་ནང་ འབྲེལ་གཏོགས་འབད་ཡོདཔ་ལས་ བཙོན་ཁྲིམས་ལོ་༥ དང་ ཟླཝ་༦ བཀལ་ནུག།
དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༡༩ གི་ ནུབ་མོའི་ཆུ་ཚོད་༡༠ དེ་ཅིག་ཁར་ ན་རང་རྒེད་འོག་ གུ་ཚ་ཕུག་ལུ་ཡོད་པའི་ ཁང་བཟང་མཆོད་རྟེན་དེ་ བསོད་ནམས་ཚེ་རིང་གྱིས་ སློངས་ཡོད་པའི་གྲུབ་འབྲས་ཚུ་ བཏོན་མི་དང་འཁྲིལ་ ཉེས་ཁྲིམས་བཀལ་ནུག།
གཞན་དལ་གཞི་ མཆོད་རྟེན་སློངས་མི་ཚུ་ ཁྲིམས་དང་འཁྲིལ་ ཉེས་ཁྲིམས་ཚེ་བཙོན་ཕོགཔ་ཨིན་རུང་ བསོད་ནམས་ཚེ་རིང་གི་ཐད་ཁར་ ཁྲིམས་འདུན་དང་ ཁྲིམས་སྲུང་ཞིབ་དཔྱད་སྡེ་ཚན་ལུ་ཡང་ ཉེས་འཛུགས་ཅན་གྱིས་ མཆོད་རྟེན་གྱི་ནང་གཟུངས་ཐོབ་ཡོད་པའི་ སྒྲུབ་བྱེད་བཏོན་མ་ཚུགས་མི་ལུ་བརྟེན་ ཉེས་ཁྲིམས་ལོ་༥ ལྷགཔ་ ཅིག་བཀལ་ནུག།
བཤེར་བཅུད་དང་འཁྲིལ་བ་ཅིན་ བསོད་ནམས་ཚེ་རིང་གིས་ ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་སྡེ་ཚན་ལུ་ མཆོད་རྟེན་སློངས་ཡོདཔ་སྦེ་ ངག་བརྗོད་བཀོད་མི་དེ་ ཁྲིམས་སྲུང་འགག་པ་གིས་ མནར་གཅོད་འབད་མི་ལུ་བརྟེན་ རྫུན་ཁ་འབད་ཡོདཔ་སྦེ་ ཁྲིམས་འདུན་ལུ་ ངག་བརྗོད་ཕུལ་ནུག།
དེ་འབདཝ་ལས་ ཁྲིམས་འདུན་གྱིས་ ཁྲིམས་སྲུང་འགག་པའི་ཞིབ་དཔྱད་སྡེ་ཚན་ཡང་ ཁྲིམས་འདུན་ནང་ འབོད་བཀུག་ཐོག་ གནད་དོན་སྐོར་ དབྱེ་དཔྱད་འབད་ཡོདཔ་མ་ཚད་ འབྲེལ་ཡོད་དཔང་པོ་ཚུ་ཡང་ མནར་གཅོད་འབད་ཡོད་པའི་ སྒྲུབ་བྱེད་བཏོན་མ་ཚུགས་ཟེར་ཨིན་པས།
ལྷག་པར་དུ་ ཁང་བཟང་མཆོད་རྟེན་སློངས་ཡོད་པའི་སྐོར་ལས་ བསོད་ནམས་ཚེ་རིང་ཁོ་ར་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མི་དང་ དཔང་པོ་ཚུ་གིས་ ངག་བརྗོད་ཡང་ གོང་འོག་ནོར་འཁྲུལ་བྱུང་མི་ལ་སོགས་པའི་གནད་དོན་ཚུ་ ཁྲིམས་འདུན་གྱི་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཚན་ཅན་མངོན་རྟོགས་སྟོན་ཡོདཔ་ལས་ ཁྲིམས་དང་འཁྲིལ་ ཉེས་ཁྲིམས་བཀལ་ཡོདཔ་སྦེ་འཁོད་དེ་འདུག།
ཉེས་འདོགས་པ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ ཕུལ་བའི་སྐུ་གསུང་ཐུགས་རྟེན་ནམ་ གཟུངས་དང་འབྲེལ་བའི་གནོད་འགེལ་གྱི་ ཉེས་འཛུགས་དེ་ འགྱུར་ལྡོག་མཛད་དེ་ ཉེས་ཅན་གྱི་གྲབ་གཤོམ་གྱི་ ཉེས་སྐྱོན་ཨིནམ་སྦེ་ ཆ་འཇོག་བཞག་ནུག།
དེ་འབདཝ་ལ་ས་ ཉེས་ཁྲིམས་དམའ་ཤོས་ངོ་༥ དང་ མཐོ་ཤོས་ལོ་༩ འོག་རྒྱུའི་ བཙོན་ཁྲིམས་ཕོག་མི་དེ་ ཉེས་འཛུགས་ཅན་གྱིས་ སྔོན་ཁྲིམས་གཅོད་གྲུབ་པའི་ ཐོ་བཀོད་གང་ཡང་མེདཔ་ལས་ ལོ་༥ དང་ཟླཝ་༦ བཙོན་ཁྲིམས་ བཀལ་ཡོདཔ་སྦེ་ཨིན་པས།
ཨིན་རུང་ རྩོད་དོན་དེ་གི་སྐོར་ལས་ རྩ་ཕན་ག་ཨིན་རུང་ ཁེ་རྒུད་མ་བཏུབ་པ་ཅིན་ ཚད་འཛིན་གྱི་དུས་ཡུན་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ མཐོ་གཏུགས་ཞུ་ནི་གི་གོ་སྐབས་ གནང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *