མཆོད་རྟེན་གུ་འཛེགས་པའི་ གནད་དོན་གྱིས་ འབྲུག་མི་ཚུ་ལུ་ ཁོང་ཁྲོ་ལང་བཅུག་ཡོདཔ།

རྒྱ་གར་གྱི་ ལྟ་བཤལཔ་ཅིག་གིས་ ཐིམ་ཕུག་རྡོ་སྐྱོང་ལ་ལུ་ འབྲུག་དབང་རྒྱལ་གྱི་ མཆོད་རྟེན་ཅིག་གུ་འཛེགས་ཏེ་ པར་བཏབ་མི་དེ་གིས་ ལྟ་བཤལ་འཛིན་སྐྱོང་ལམ་ལུགས་ སྒྲིང་སྒྲི་མེད་པའི་ བརྡ་མཚོན་སྟོནམ་ཨིན་པས།

ལུང་ཕྱོགས་རྒྱལ་ཁབ་ རྒྱ་གར་དང་ བང་ལ་དེཤ་ དེ་ལས་ མཱལ་ཌིབསི་ཚུ་ལས་འོང་མི་ ལྟ་བཤལ་ཚུ་ དམ་འཛིན་འབད་ནིའི་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་མེདཔ་ལས་ ཕུན་ཚོགས་གླིང་ལུ་ཡོད་མི་ ཕྱི་མི་ནང་སྐྱོད་ཡིག་ཚང་ལས་ ལམ་འགྲུལ་འབད་ཆོག་པའི་ གནང་བ་ལེན་པའི་ཤུལ་ལས་ ལམ་སྟོན་པ་མེད་པར་ ཁོང་རའི་བདག་དབང་ཐོག་ལུ་ ལྟ་བཤལཔ་སྡེ་ཚན་སྦེ་ འོངམ་ཨིན་པས།

ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ བྱ་སྤྱོད་གནས་སྟངས་ཀྱིས་ རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ གཞན་དང་མ་འདྲ་བའི་ མཐུན་ལམ་སྒྲིང་སྒྲི་ཡོད་མི་ལུ་ རྟགས་མཚན་ངན་པ་སྟོནམ་མེན་ཟེར་ཨིནམ་ད་ དེ་ཡང་ དུས་ཡུན་ཐུང་ཀུ་ཅིག་ནང་ དགའ་སྤྲོའི་ཐོག་ལུ་ འབད་ཡོདཔ་མ་གཏོགས་ མནོ་ཞིང་བསམ་ཞིང་སྦེ་ འབད་འབདཝ་རྩ་ལས་མི་འོང་ཟེར་ བཤདཔ་ཨིན་པས།

ཨིན་རུང་ ཁོང་གིས་ གསལ་སྟོན་འབད་མི་དེ་ འབྲུག་པའི་ལམ་སྲོལ་དང་ ཡིད་ཆེས་ལུ་ གུས་ཞབས་དང་ བརྩི་བཀུར་མེདཔ་ཅིག་ཨིནམ་ལས་ འབྲུག་མི་ཚུ་ལུ་ བཟོད་མ་ཚུགས་པའི་ ཚོར་སྣང་བསྐྱེད་བཅུག་ཅི་ཟེར་  ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ བྱུང་རྐྱེན་མི་འཐོན་ནིའི་དོན་ལུ་ གཞུང་གིས་ ལམ་སྟོན་དང་ སྒྲིག་གཞི་ དེ་ལས་ བཅའ་ཡིག་ཚུ་ བརྩམས་ཞིནམ་ལས་ བསྟར་སྤྱོད་འབད་དགོཔ་ གལ་ཆེ་ཟེར་ཨིན་པས།

འབྲུག་རྒྱལ་ཁབ་ནང་ ཕྱི་མི་ཚུ་ བྱོན་ལེགས་ཞུ་དགོཔ་བཞིན་དུ་ ཁོང་གིས་འབད་རུང་ ནང་སྐྱོད་འབད་ཚར་བའི་ཤུལ་ལུ་ རྒྱལ་ཁབ་ཀྱི་ བརྩི་མཐོང་དང་ ལམ་སྲོལ་ཚུ་ལུ་ གུས་ཞབས་དང་གཅིག་ཁར་ སྒྲིག་གཞི་དང་ ལམ་ལུགས་ཚུ་ལུ་ གནས་དགོ་ཟེར་ཨིན་པས།

དེ་བཟུམ་སྦེ་ ལྟ་བཤལཔ་དང་ ཕྱིའི་མགྱོནམ་ཚུ་གིས་ རྒྱལ་ཁབ་ཀྱི་ ལྟ་བཤལ་སྲིད་བྱུས་ལུ་ བརྩི་མཐོང་བསྐྱེད་དགོཔ་ཨིན་རུང་ མེས་མེད་བསྐྱུར་ཏེ་ ག་ཐོབ་འབད་ནི་ཚུ་ བཀག་ཐབས་ལུ་ ག་ར་གིས་ མཉམ་རུབ་ཐོག་ལས་ ལཱ་འབད་དགོ་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤདཔ་ཨིན་པས།

འབྲུག་ལྟ་བཤལ་ལམ་སྟོན་མཐུན་ཚོགས་ཀྱི་འགོ་འཛིན་ དགའ་རབ་རྡོ་རྗེ་གིས་ རྡོ་སྐྱོང་ལ་ལུ་ རྒྱ་གར་གྱི་ ལྟ་བཤལཔ་གིས་ བྱ་སྤྱོད་སྟོན་མི་དེ་ རྒྱལ་ཁབ་ནང་ འགོ་དང་པ་མེན་མི་དེ་ཡང་ ལུང་ཕྱོགས་ལྟ་བཤལཔ་ཚུ་གིས་ བྱིན་རླབས་ཅན་གྱི་གནས་དང་ ལྷ་ཁང་ དགོན་སྡེ་ དེ་ལས་ གལ་གནད་ཆེ་བའི་ ས་ཁོངས་ཚུ་ནང་ བྱ་ངན་འབད་མི་ཚུ་ མི་མང་གིས་ ཤེས་རྟོགས་མེད་རུང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ སྒྲིག་གཞི་དང་ ལམ་ལུགས་ཚུ་ བསྟར་སྤྱོད་འབད་དེ་ཡོད་ཟེར་ བཤདཔ་ཨིན་པས།

དེ་གི་ནང་དོན་ཉིད་ལས་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་ ལྟ་བཤལ་ལས་སྡེ་ཚུ་ལས་བརྒྱུད་དེ་ འོང་ནི་མེདཔ་མ་ཚད་ ནང་འཁོད་ཀྱི་ ལམ་སྟོན་པ་མེད་པར་ འོང་དོ་ཡོདཔ་ད་ རྡོ་སྐྱོང་ལ་ལུ་ བྱ་ངན་འབད་མི་དེ་ སྣུམ་འཁོར་འཁོར་ལོ་གཉིསམ་བདའ་འོང་མི་༡༥ གི་གྲས་ལས་༡ ཨིན་པས།

ལྟ་བཤལཔ་དེ་གིས་ མཆོད་རྟེན་དང་ སྐུ་རྟེན་ཚུ་ལས་ཕར་ ཚར་ལེ་ཤ་ཅིག་ར་འཛེགས་ནུག་ཟེར་ཨིན་པས།

ལྟ་བཤལཔ་གིས་ མ་ཤེས་མ་མཐོང་པར་ མཆོད་རྟེན་གུ་ འཛེགས་མི་དེ་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ མཆོད་རྟེན་ཨིནམ་ཤེས་བཞིན་དུ་ བྱ་ངན་འབད་ནུག་ཟེར་ དགའ་རབ་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་ ལམ་སྟོན་པ་མེདཔ་སྦེ་ ཁོང་རའི་སྣུམ་འཁོར་བདའ་སྟེ་ འོང་ནུག་ཟེར་ཨིནམ་ད་ གལ་སྲིད་ རྒྱལ་ཁབ་ནང་ སྒྲིག་གཞི་དང་ ལམ་ལུགས་ཚུ་ ཡོད་པ་ཅིན་ དེ་བཟུམ་མའི་ དཀའ་ངལ་ཚད་འཛིན་འབད་ཚུགས་ཟེར་ བཤདཔ་ཨིན་པས།

འབྲུག་ལུ་ ལྟ་བཤལ་ལམ་སྟོན་པ་༤,༣༠༠ ཡོདཔ་ད་ ལུང་ཕྱོགས་ལྟ་བཤལཔ་ཚུ་ སྒྲིང་སྒྲི་སྦེ་ ཚད་འཛིན་ འབད་ཚུགས་པ་ཅིན་ ལྟ་བཤལ་ལམ་སྟོན་པ་ཚུ་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ཡང་ སེལ་ཚུགས་པའི་འོས་འབབ་འདུག་ཟེར་ཨིན་པས།

འབྲུག་ལྟ་བཤལ་ཚོགས་སྡེའི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ ད་ལྟོའི་གནས་སྟངས་བྱུང་མི་དེ་ འགོ་དང་པ་མེན་པའི་ཁར་ འབྲུག་མི་ཚུ་གི་དོན་ལུ་ ཤེས་མྱོང་དང་ ཡོན་ཏན་ཐོབ་ཨིན་ཟེར་ བཤདཔ་ཨིན་པས།

འབྲུག་ལྟ་བཤལ་མཐུན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ ལྟ་བཤལ་གོང་འཕེལ་བཀོད་ཚོགས་དང་ འབྲུག་ལྟ་བཤལ་ཚོགས་སྡེ་གཉིས་ མཉམ་རུབ་ཐོག་ལས་ ལྟ་བཤལ་ལམ་སྟོན་གུ་ ལཱ་འབད་དོ་ཡོདཔ་ལས་ དུས་ཅི་ ལོ་མཇུག་ཁམས་ལུ་ བརྩམ་ཚར་འོང་ཟེར་ཨིན་པས།

སྤྱི་ཟླ་༡༠ པའི་ཚེས་༡༧ གྱི་ཕྱི་རུ་ རྒྱ་གར་གྱི་ ལྟ་བཤལཔ་ཅིག་གིས་ ཐིམ་ཕུག་རྡོ་སྐྱོང་ལ་ལུ་ མཆོད་རྟེན་གུ་འཛེགས་ཏེ་ པར་བཏབ་མི་དེ་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ ཁྱབ་སྤེལ་བཏང་ནུག།

རྒྱ་གར་གྱི་མི་༡༥ འབད་མི་དེ་ འཁོར་ལོ་གཉིསམ་བདའ་སྟེ་ ཐིམ་ཕུག་ལས་ སྤུ་ན་ཁ་འགྱོ་བའི་ལམ་ཁར་ ངལ་འཚོ་སྟེ་ སྡོད་པའི་སྐབས་ མ་ཧ་རཱསི་ཊ་ལས་ཨིན་མི་ ཕོ་སྐྱེས་དེ་གིས་ མཆོད་རྟེན་གུ་འཛུགས་ཡོདཔ་ཨིན་པས།

སྤུ་ན་ཁའི་ ཁྲིམས་སྲུང་འགག་པ་གིས་ ཁ་ཙ་ རྒྱ་གར་གྱི་ མི་ངོམ་དེ་ འབོ་བཀུག་ཞིནམ་ལས་ ཞིབ་དཔྱད་ རྐྱབ་ཡོདཔ་ད་ ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཞིབ་དཔྱད་འབདཝ་ད་ མི་ངོམ་དེ་གིས་ མཆོད་རྟེན་གུ་ འཛེགས་མ་ཆོགཔ་ཨིནམ་ ཤེས་རྟོགས་མེད་པའི་ ཡིག་ཐོག་གུ་ ངག་བརྗོད་བྱིན་ཡོདཔ་མ་ཚད་ བཟོད་གསོལ་ཞུ་བའི་ཤུལ་ལས་ བཏང་ཡི་ཟེར་ཨིན་པས།

ལྟ་བཤལཔ་ཚུ་གིས་ དེ་བཟུམ་མའི་ ས་གོ་ཚུ་ནང་ འབད་ཆོག་མི་ཆོག་གི་ བརྡ་བྱང་དང་ ལམ་སྟོན་ཚུ་ ག་ནི་ཡང་མིན་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།  

བཀྲིས་ཕུན་ཚོགས།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *