མཆོག་འགྱུར་ཚོང་འབྲེལ་གྲོས་འཛོམས་ ཐེངས་༢ པ་མཇུག་བསྡུ་ཡོདཔ།

༉ མ་ལེ་ཡ་ཤི་ཡ་ལུ་ཡོད་མི་ སི་ཨའི་ཨེམ་བི་སྡེ་ཚན་དངུལ་ཁང་གི་ རྒྱལ་སྤྱི་དངུལ་འབྲེལ་དང་དངུལ་རྩིས་མཁས་མཆོག་ ཧུསི་སཱམ་ སཱལ་ཊན་གྱིས་ སླབ་མིའི་ནང་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ སོ་ནམ་དང་འབྲེལ་བའི་ལཱ་འབད་བའི་སྐབས་ ཐོན་སྐྱེད་ཚུ་ བསྐྱར་སྤྱོད་འབད་ནིའི་ ལམ་ལུགས་ཐོག་ལས་འབད་བ་ཅིན་ འོས་འབབ་འོང་ནི་མས་ཟེར་ཨིན་པས།
ཁོ་གིས་ ཁ་ཙ་ མཆོག་འགྱུར་ཚོང་འབྲེལ་གྲོས་འཛོམས་ མཇུག་བསྡུའི་སྐབས་ བཤད་དོ་བཟུམ་འབད་བ་ཅིན་ སོ་ནམ་དང་འབྲེལ་བའི་ རག་རོ་ཚུ་དང་ གཞན་སོ་ནམ་དང་འབྲེལ་བའི་ ལས་སྣ་ཚུ་གི་དོན་ལུ་སྤྱོད་དེ་ འབད་དགོ་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ སླབ་མིའི་ནང་ སོ་ནམ་གྱི་ལཱ་འབད་བའི་སྐབས་ གནམ་གཤིས་འགྱུར་བགྲོད་ལུ་ གནོད་པ་ཡོདཔ་ལས་ སྒོ་ནོར་གསོ་སྐྱོང་འབད་བ་ཅིན་ དཔལ་འབྱོར་གྱི་དོན་ལུ་ཕན་པའི་ཁར་ རང་བཞིན་གནས་སྟངས་དང་ གནམ་གཤིས་འགྱུར་བགྲོད་ལུ་ཡང་ ཕན་ཐོགས་ཡོད་ཟེར་ཨིན་པས།
འབྲུག་བཟུམ་མའི་རྒྱལ་ཁབ་ནང་ སོ་ནམ་དང་འབྲེལ་བའི་ ཚོང་འབྲེལ་འཐབ་པའི་སྐབས་ གནམ་གཤིས་འགྱུར་བགྲོད་དང་མཐུནམ་སྦེ་ འབད་ནི་དེ་ཡང་ གལ་ཆེ་ཟེར་ཨིན་པའི་ཁར་ ཕྱགས་སྙིགས་འཛིན་སྐྱོང་འབད་ནི་དེ་ཡང་ ཁག་ཆེ་ཟེར་ཨིན་པས།
ཌེན་མཱཀ་ལུ་ འཛམ་གླིང་ནང་དཔེ་སྟོན་བཏུབ་པའི་ བཟོ་གྲྭ་ཁང་ཅིག་གིས་ བཟོ་གྲྭ་ཁང་ལས་སྤྱོད་མ་བཏུབ་པའི་རིགས་ཐོན་མི་ཚུ་ ཚོང་འབྲེལ་གཞན་འཐབ་མི་ཚུ་གིས་ སྤྱོད་བཏུབ་པའི་ཁར་ ཚོང་འབྲེལ་འཐབ་མི་ གཅིག་གིས་གཅིག་ལུ་ སྤྱོད་མ་བཏུབ་པའི་རིགས་ཚུ་ སྤྱོད་བཏུབ་མི་ཚོང་འབྲེལ་པ་ཚུ་ལུ་ བཙོང་ནི་དེ་གིས་ ནང་འཁོད་ཀྱི་ དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ཡང་ ཕན་ཐོགས་བྱུང་སྟེ་འདུག་ཟེར་བཤད་ཅི།
ནོར་ཝེ་རྒྱལ་ཁབ་ནང་འབད་བ་ཅིན་ ཨོ་སོ་ལོ་གཡུས་ཚན་གྱི་ མི་ཚུ་གིས་ ཕྱགས་སྙིགས་ཚུ་ སྐྱེ་ལྡན་མེ་རླུང་ བ་ཡོ་གེསི་བཟོ་སྟེ་ དེ་ལས་ཐོན་མི་ཕྱགས་སྙིགས་ཚུ་ སྐྱེལ་འདྲེན་སྣུམ་འཁོར་བཱསི་ལ་སོགས་པ་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ལས་ སོ་ནམ་པ་ཚུ་ལུ་ ལུད་སྦེ་ཡང་ ལག་ལེན་འཐབ་བཏུབ་པས་ཟེར་ཨིན་པས།
དངུལ་འབྲེལ་གཙུག་སྡེ་ཚུ་གིས་འབད་རུང་ དཔལ་འབྱོར་ཡར་དྲག་གཏང་ནིའི་དོན་ལུ་ ལཱ་འབད་མི་ཚུ་གིས་ རང་བཞིན་གནས་སྟངས་ལུ་ གནོད་པ་ཉུང་བའི་ཁར་ མི་སྡེའི་ནང་ ཕན་ཐོགས་ཡོད་པའི་འཆར་གཞི་ཡོད་མི་ཚུ་ལུ་ དངུལ་འབྲེལ་གྱི་གྲོགས་རམ་ཚུ་འབད་དགོ་ཟེར་ཨིན་པས།
ནེ་པཱལ་ལས་ སུ་རཛ་ ཉེཌ་ཡ་གིས་ སླབ་མིའི་ནང་ སྤྱི་ལོ་༡༩༨༡ ལས་འགོ་བཙུགས་ རྒྱལ་སྤྱི་གི་གནས་ཚད་ནང་ མི་སེར་བརྒྱ་ཆ་༤༠ དེ་ཅིག་གིས་ སོ་ནམ་གྱི་ལཱ་འབད་ནི་ལས་ ཕྱིར་ཐོན་འབད་དེ་འདུག་ཟེར་ཨིནམ་ད་ དེ་ཡང་ གནམ་གཤིས་འགྱུར་བགྲོད་དེ་གིས་ཡང་ གནོད་པ་བྱུང་སྟེ་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ སོ་ནམ་ལས་སྡེ་གིས་ ལཱ་གཡོག་མངམ་བཟོ་ཚུགས་རུང་ དུས་ཚོད་ཁར་ ཆརཔ་མ་རྐྱབ་མི་དེ་གིས་ སོ་ནམ་ལཱ་འབད་མི་ཚུ་ལུ་ དཀའ་ངལ་བྱུང་སྟེ་ཡོདཔ་ལས་ སོ་ནམ་ལས་སྡེ་ལུ་ གྲོགས་རམ་འབད་དགོཔ་འདུག་ཟེར་ཨིན་པས།
ཛིམ་ཌ་ལས་སྡེའི་ཁྲི་འཛིན་ ཨོ་རྒྱན་ཚེ་ཁྱབ་ཀྱིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ བརྒྱ་ཆ་༦༥ དེ་ཅིག་ སོ་ནམ་གྱི་ལཱ་ལུ་བརྟེན་ སྡོད་མི་ཨིན་རུང་ ཁོང་གི་མི་ཚུ་ ཡར་དྲག་གཏང་པ་ཅིན་རྐྱངམ་གཅིག་ དཔལ་འབྱོར་གྱི་གནས་སྟངས་དེ་ཡང་ ཡར་དྲག་གཏང་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་ དཔག་བསམ་ཁ་ལུ་ ཨོམ་བཟོ་གྲྭ་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ འཆར་གཞི་ཡོད་རུང་ ཆུ་ཁ་རྫོང་ཁག་ལས་ འཕྲུལ་ཁང་ནང་ལང་པའི་ ཨོམ་ཐོན་མི་མེདཔ་ལས་ ས་མཚམས་ས་ཁོངས་ཚུ་ནང་ལས་ ཉོ་ནིའི་ཐབས་ཤེས་བཏོན་ནིའི་འཆར་གཞི་ཡང་འབད་ཡི་ཟེར་ཨིན་པས།
ཁ་ཙ་ཉིནམ་མཇུག་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ འབྲུག་རྒྱལ་ཁབ་འདི་ འཕྲལ་མགྱོགས་ར་ གོང་འཕེལ་ཉུང་སུ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ ཕྱིར་འཐོན་འབད་བའི་སྐབས་ གོང་འཕེལ་དོན་ལུ་ ཐབས་ཤེས་ག་བཟུམ་ར་ བཏོན་དགོཔ་ཨིན་ན་ཚུའི་སྐོར་ལས་ཡང་ གྲོས་བསྟུན་ཚུ་ འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *