མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་དང་ རྫོང་ཁག་དྲང་དཔོན་ དོ་དམ་འོག་ལུ་བཙུགས་ཡོདཔ།

༉ ཁ་ཙ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ མངོན་མཐོ་ཁྲིམས་འདུན་གྱི་ རྒན་རིམ་མཐོ་ཤོས་ཀྱི་དྲང་དཔོན་ ཀུན་ལེགས་ཚེ་རིང་དང་ པདྨ་དགའ་ཚལ་རྫོང་ཁག་དྲང་དཔོན་ ཡེ་ཤེས་རྡོ་རྗེ་༢ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

དྲང་དཔོན་དེ་གཉིས་ འཛིན་བཟུང་འབད་མི་དེ་ཡང་ ཟླཝ་༢ དེ་ཅིག་གི་ཧེ་མར་ རྒྱལ་གཞུང་སྐུ་སྲུང་དམག་སྡེའི་ བཀོད་དཔོན་བགྲེསཔ་ མདོ་འཛིན་འཕྲིན་ལས་སྟོབས་རྒྱས་དེ་ དོ་དམ་འོག་ལུ་ བཙུགས་པའི་ཤུལ་ལས་ཨིནམ་ད་ ཁོང་ཆ་ཁྱབ་ འབྲུག་གི་བསྟན་སྲུང་དམག་སྡེའི་གཙོ་འཛིན་གྱི་ རྒྱབ་འགལ་ལུ་ ཉེས་ཅན་ལྐོག་གྲོས་ཀྱི་ འཆར་གཞི་བརྩམས་མིའི་ནང་ འབྲེལ་གནད་ཡོདཔ་ཨིན་པས།

ཉེས་ཅན་ལྐོག་གྲོས་དང་ དམག་གོ་གྱོན་ཏེ་ ངོ་རྫུན་བཟོ་བའི་ རྩོད་དོན་ཚུ་ཡང་ ཟླཝ་དག་པ་ཅིག་གི་ཧེ་མར་ འཛིན་བཟུང་འབད་མི་ ཨམ་སྲུ་ཅིག་གིས་ ཁོང་ཆ་ཁྱབ་ ལྐོག་གྲོས་མཉམ་གཤིབས་སམ་ ལྷན་གཅིག་འབད་མིའི་ནང་ གྲལ་གཏོགས་ཡོད་པའི་སྐོར་ གསང་བརྟོལ་འབད་མི་ལས་ ཤེས་རྟོགས་བྱུང་ནུག།

ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཁོང་གིས་ གྱོས་ངན་བརྩམས་མིའི་ དམིགས་དོན་དེ་ འབྲུག་གི་བསྟན་སྲུང་དམག་སྡེའི་ གཙོ་འཛིན་དང་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བློན་པོ་འབད་ནི་ དེ་ལས་ གཞན་མི་གིས་ རྩོད་དཔོན་ཡོངས་ཁྱབ་འབད་ཐབས་ལུ་ཨིན་པས།

འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་  ཉེས་ཅན་ལྐོག་གྲོས་དོན་ཚན་དང་འཁྲིལཝ་ད་ གལ་སྲིད་ རྩོད་ཟླ་གིས་ གཅིག་གམ་ དེ་ལས་མང་བའི་མི་གཞན་དང་ལྷན་ཅིག་ ཉེས་ལས་ལུ་བརྟེན་པའི་ བྱ་སྤྱོད་འཐབ་ནིའི་ནང་ གཏོགས་པ་ཡིན་ཚེ་ རྩོད་ཟླ་འདི་ ཉེས་ཅན་ལྐོག་གྲོས་ཐོག་ལས་ ཉེས་ལས་འཐབ་པའི་ གནོད་འགེལ་ཡིན་པར་བརྩི་དགོཔ་ཨིན་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *