མངོན་མཐོ་ཁྲིམས་འདུན་གྱིས་ ཐོག་མའི་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་ལུ་ར་ གཞི་བཞག་ཡོདཔ།

༉ སྤྱི་ལོ་༢༠༡༤ ལུ་ སློབ་རིམ་༡༢ པའི་ཆོས་ཚན་ ཨིང་ལིཤ་༢ པའི་ ཆོས་རྒྱུགས་ཀྱི་དྲི་ཤོག་ གསང་བ་ཤོར་ཡོད་པའི་ གནོད་དོན་ཐད་ཁར་ མངོན་མཐོ་ཁྲིམས་འདུན་གྱིས་ ཐོག་མའི་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དེ་ལུ་ར་ གཞི་བཞག་སྟེ་ གནད་དོན་དེ་ ཕྱིར་འབུད་བཏང་ནུག།
རྩ་གཞུང་ཞིབ་འཚོལ་དང་གོང་འཕེལ་ལས་ཁུངས་ཀྱི་ འགོ་དཔོན་དེ་གིས་ ཆོས་རྒྱུགས་ཀྱི་དྲི་ཤོག་ གསང་བ་ཤོར་མིའི་ཐད་ཁར་ ཐོག་མའི་ཁྲིམས་འདུན་གྱིས་ ཉེས་ཁྲིམས་ལོ་༢ དང་ གཞུང་ལུ་གྱོང་རྒུད་ཕོག་པའི་ དངུལ་ཀྲམ་༡༤,༠༡,༡༦༡ བཏབ་དགོཔ་སྦེ་ སླབ་མི་དེ་ལུ་ ཁེ་རྒུད་མ་བཏུབ་པར་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོད་རུང་ གནད་དོན་དེ་ ཕྱིར་འབུད་བཏང་གནང་ནུག།
སྤ་རོ་རྫོང་ཁག་ཁྲིམས་འདུན་དང་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ པ་གིས་ ལྷུན་རྩེ་ལས་ཨིན་མི་ ཉེས་འཛུགས་ཅན་ ཀུན་དགའ་རྡོ་རྗེ་གིས་ དྲི་ཤོག་གསང་བ་ཤོར་བའི་ བྱ་སྤྱོད་ལུ་བརྟེན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༡༦ པ་དང་འཁྲིལ་ཏེ་ བཙོན་ཁྲིམས་ལོ་༢ སྨིན་དགོ་མི་དེ་ ཁྲིམས་འཐུས་དངུལ་ཀྲམ་༩༠,༠༠༠ བཏབ་ཆོགཔ་སྦེ་ཨིན་པས།
ཉེས་འགེལ་ཁྲིམས་དེབ་དོན་ཚན་༦༣ པའི་དགོངས་དོན་དང་འཁྲིལ་ ཉེས་འཛུགས་ཅན་གྱིས་ དྲི་ཤོག་གསང་བ་ཤོར་བའི་ བྱ་སྤྱོད་ལི་བརྟེན་ གཞུང་ལུ་གྱོང་རྒུད་དངུལ་ཀྲམ་༡༤,༠༡,༡༦༡ ཕོག་མི་དེ་ ཟླ་ངོ་༦ གི་ནང་འཁོད་ལུ་ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ནུག།
འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་ནང་ ཆོས་རྒྱུགས་ཀྱི་དྲི་བ་ཚུ་ དབང་པོ་སྐྱོན་ཅན་གྱི་དོན་ལུ་ སྐད་སྒྱུར་རྐྱབ་ཡོད་པའི་ ནམ་དུས་ལུ་ ཀུན་དགའ་རྡོ་རྗེ་གིས་ ཡོངས་འབྲེལ་ནང་ ཡིག་རིགས་ཚུ་ གཏོང་ལེན་འབད་བའི་སྐབས་ ཁོ་གིས་ སྒེར་གྱི་ཐམ་ཌ་ཡིབ་ཅིག་ ལག་ལེན་འཐབ་ཐོག་ལས་ བཙུགས་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཁོ་གིས་ རང་སོའི་ སྒེར་གྱི་འཕྲུལ་རིག་ཅ་ཆས་ཚུ་ འབག་མི་ཆོག་ཟེར་ ཁ་ཚིག་བཟོ་ཡོད་མི་ལས་ འགལ་སོ་ནུག།
ཉེས་འཛུགས་ཅན་ལས་ བཙན་ལེན་འབད་ཡོད་པའི་ ཅ་ཆས་གློག་རིག་ལེབ་ཀྲོབ་ཧག་ཌིསཀི་དེ་ ཚན་རིག་བརྟག་ཞིབ་འབད་བའི་སྙན་ཞུ་ནང་ སྤྱི་ལོ་༢༠༠༢ དང་༢༠༠༧, ༢༠༡༢, ༢༠༡༣ ལོའི་ ཆོས་ཚན་༡༡ དེ་ཅིག་གི་དྲི་ཤོག་ཚུ་ ཐོབ་ཡོད་མི་ལུ་ལྟ་རུང་ ཁོ་གིས་ཆོས་རྒྱུགས་ཀྱི་དྲི་བ་ཚུ་ འབུར་ཡིག་གི་ཐོག་ལུ་བཟོ་སྟེ་ ལོ་ངོ་མང་རབས་ཅིག་སོང་ཡོད་རུང་ སྤྱི་ལོ་༢༠༡༤ ལུ་ ཟླ་བ་སྒྲོལ་མ་ལུ་བྱིན་ཏེ་ གསང་བ་ཤོར་ཡོདཔ་མེན་པར་ ཧེ་མ་ལས་ བྱ་བ་དེ་བཟུམ་འབད་ཡོད་པའི་ ཚོར་སྣང་བྱུང་ཡོདཔ་སྦེ་ཨིན་པས།
ཀུན་དགའ་རྡོ་རྗེ་གིས་འབདབ་ཅིན་ ཆོས་རྒྱུགས་ཀྱི་དྲི་ཤོག་ཚུ་ གསང་བ་ཤོར་ཡོད་པའི་ ཉེས་འཛུགས་བཀལ་མི་དེ་ རྩ་ལས་མ་བདེན་པའི་ཁར་ ངོམ་ཟླ་བ་སྒྲོལ་མ་ ངོ་ཤེས་འདྲིས་ཤེས་ཡང་མེད་ཟེར་ ཁྲིམས་འདུན་ལུ་ ཞུ་ཡོད་རུང་ དབྱེ་བ་དཔྱད་བའི་སྐབས་ སློབ་རིམ་༡༢ པའི་ ཆོས་ཚན་༥ གི་དྲི་ཤོག་ཚུ་ གསང་བ་ཤོར་ཡོདཔ་སྦེ་ བདའ་ཟུན་ནུག།
སྤ་རོ་འབྲུག་རྒྱལ་སློབ་གྲྭའི་ སློབ་རིམ་༡༢ པའི་ སློབ་ཕྲུག་ཅིག་གིས་ སྤྱི་ལོ་༢༠༡༤ ཟླ་༡༢ པའི་ཚེས་༡༣ ལུ་ སློབ་གྲྭའི་དབུ་འཛིན་འོག་མ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཤེས་རིག་ལྷན་ཁག་འོག་གི་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་གི་ འགོ་འདྲེན་ཐོག་ དབྱེ་ཞིབ་འབད་བའི་སྐབས་ ཨིང་ལིཤ་དྲི་ཤོག་༢ པ་དེ་ སྤ་རོ་ལས་ གསང་བ་ཤོར་ཡོད་པའི་ མངོན་རྟགས་གྲུབ་པའི་ཁར་ ཉེས་འཛུགས་ཅན་དེ་ ཀུན་དགའ་རྡོ་རྗེ་ཨིནམ་སྦེ་ བདའ་ཟུན་ནུག།
ཀུན་དགའ་རྡོ་རྗེ་གིས་ ཨིང་ལིཤ་དྲི་ཤོག་དང་པ་དང་༢ པ་ རྫོང་ཁའི་དྲི་ཤོག་དང་པ་དང་༢ པ་ དེ་ལས་ དཔལ་འབྱོར་གྱི་དྲི་ཤོག་ཚུ་འབདཝ་ད་ དྲི་ཤོག་ཁག་༥ ཟླ་བ་སྒྲོལ་མ་ལུ་ སྤྲོད་ཡོད་རུང་ མོ་གིས་ གཞན་སློབ་ཕྲུག་༦ ལུ་ ཨིང་ལིཤ་གི་དྲི་ཤོག་༢ པ་དེ་ གསང་བ་ཤོར་ནུག།
ཟླ་བ་སྒྲོལ་མ་གིས་ དྲི་ཤོག་གསང་བ་ཤོར་བའི་ ལོ་རྒྱུས་ཐོན་པའི་ཤུལ་ལུ་ ཀུན་དགའ་རྡོ་རྗེ་དང་ གནས་ཚང་གིས་ ཟླ་བ་སྒྲོལ་མ་ལུ་ བརྒྱུད་འཕྲིན་བཏང་སྟེ་ དྲི་ཤོག་ཚུ་ མོ་ར་གིས་ ཁོ་གི་ཡིག་ཚང་ནང་འགྱོཝ་ད་ གསང་བརྡ་མེད་པའི་ གློག་རིག་ནང་ལས་ པར་སྐྲུན་འབད་དེ་ འབག་ཡོད་པའི་ ངག་བརྗོད་བསྒྱུར་བཅོས་འབད་དགོ་པའི་སྐོར་ལས་ སླབ་ཡོད་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *