༉ ཁ་ཙ་ མངོན་མཐོ་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ད་ཚུན་ སྨྱོ་རྫས་ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་དང་འབྲེལ་བའི་ ཉེས་འཛུགས་ཕོག་མི་ག་ར་གིས་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ཡི།
སྐྱེས་ལོ་༢༣ ལང་མི་ འཇམ་དབྱངས་དེ་ སྤྱི་ལོ་༢༠༡༦ གི་ཟླཝ་༥ པའི་ནང་ ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་སྨན་ལེབ་༡༡༢༥ འཆང་སྤྱོད་འབད་བའི་སྐབས་ འཛིན་བཟུང་འབད་བའི་ཤུལ་ལས་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༩ དང་ཟླཝ་༦ བཀལ་ཡོདཔ་ཨིན་པས།
འཇམ་དབྱངས་ཀྱི་ ཁྲིམས་དོན་ངོ་ཚབ་ཀྱིས་ རྫོང་ཁག་ཁྲིམས་འདུན་གྱི་འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་འདུན་བརྒྱུད་དེ་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁོ་ལུ་ དབྱེ་རིམ་༢ པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཨིན་རུང་ ཁོ་རའི་ ཁྲིམས་དོན་ངོ་ཚབ་ཀྱིས་ སྨྱོ་རྫས་དེ་ བཀག་དམ་ཅན་གྱི་ སྨྱོ་རྫས་ཀྱི་ཐོ་ནང་ཚུད་དེ་མེདཔ་ལས་ ཉེས་འགྲོལ་གཏང་དགོཔ་སྦེ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་དེ་ དམིགས་བསལ་དུ་ སྨྱོ་རྫས་སྦེ་ཐོ་བཀོད་འབད་དེ་མེད་རུང་ སྨན་དེ་ནང་ ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་ཡོདཔ་ལས་ བཀག་དམ་ཅན་གྱི་སྨྱོ་རྫས་སྦེ་ རྩིས་དགོ་ཟེར་ ཞུ་ཡོདཔ་ཨིན་པས།
འཇམ་དབྱངས་དེ་ སྤྱི་ལོ་༢༠༡༦ ཟླ་༥ པའི་ཚེས་༡༡ ལས་ འཛིན་བཟུང་འབད་དེ་ བཞག་ཡོདཔ་ད་ ཁོ་ར་ ཁ་ཙ་མངོན་མཐོ་ཁྲིམས་འདུན་ལུ་ འོང་པའི་སྐབས་ལུ་ཡང་ ལག་པར་ལྕགས་རྐྱབ་སྟེ་ འོང་སར་མཐོང་ཡི།
ཨིན་རུང་ ཁ་ཙ་གི་ འཁྲུན་ཆོད་དེ་ ད་ཚུན་ ཁྲིམས་འཐུས་བཏབ་མ་ཆོག་པའི་ འཁྲུན་ཆོད་བཏང་ཡོད་མི་ཚུ་ག་ར་ ཁྲིམས་འཐུས་བཏབ་ཆོག་ནི་ཨིནམ་ད་ འཁྲུན་ཆོད་དེ་གིས་ ཉེས་འཛུགས་ཕོག་མི་༥༥༤ དེ་ཅིག་ལུ་ ཁེ་ཕན་འཐོབ་ནི་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ད་ཚུན་ སྨྱོ་རྫས་དེ་དང་འཁྲིལ་ཉེས་ཁྲིམས་བཀལ་མི་ཚུ་ འབྲུག་གི་སྨན་བཅའ་ཁྲིམས་༢༠༠༣ གྱི་དོན་ཚན་༢༩ པའི་༧ པ་དང་འཁྲིལ་ ཉེས་འཛུགས་འབད་དགོཔ་ཡོད་རུང་ སྨན་རྫས་ཊ་མ་ཌོལ་དེ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་༢༠༡༥ འི་ཟུར་དེབ་ནང་ བཀོད་དེ་མེདཔ་ལས་ འགབ་མ་ཚུགས་པས་ཟེར་ཨིན་པས།
ད་ཚུན་ སྨྱོ་རྫས་དེ་ འཆང་སྤྱོད་འབད་མི་༥༥༤ དེ་ཅིག་ འཛིན་བཟུང་འབད་ཡོད་མི་ལས་༣༨༡ དེ་ཅིག་ ཁྲིམས་འདུན་ཁག་ཚུ་ནང་ལས་ཕར་ རྩོད་བཤེར་འབད་བའི་བསྒང་ཡོདཔ་ད་ ཁྲིམས་སྲུང་འགག་སྡེ་གིས་ སྨྱོ་རྫས་སྨན་ཐུམ་༢༥༤,༢༢༦ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
ཁ་ཙ་ འཁྲུན་ཆོད་གནང་པའི་སྐབས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ད་ འཇམ་དབྱངས་ཀྱི་ཁྲིམས་དོན་ངོ་ཚབ་ བསོད་ནམས་དོན་གྲུབ་ཀྱིས་ འཁྲུན་ཆོད་དེ་གིས་ མི་མང་ལུ་ ཕན་ཐོགས་འབྱུང་འོང་ཟེར་ བཤད་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།