མངལ་སྒོའི་ཀེན་སར་ རྩ་མེད་གཏང་ཚུགས་འོང་ག?

༉ འབྲུག་གིས་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལུ་ ད་ལྟོ་འཚོགས་པའི་བསྒང་ཡོད་མི་ འཛམ་གླིང་གསོ་བའི་ཚོགས་སྡེའི་ ཤར་ལྷོ་ཡེ་ཤི་ཡ་ ལུང་ཕྱོགས་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༧༢ པའི་ནང་ མངལ་སྒོའི་ནད་གཞི་ཀེན་སར་ རྩ་མེད་གཏང་ནིའི་དོན་ལུ་ གྲོས་འཆར་བཙུགས་མི་དེ་ཡང་ ཨམ་སྲུ་ཚུ་ལུ་ མངལ་སྒོའི་ཀེན་སར་ རྩ་མེད་བཟོ་ནི་གི་ ཁས་བླངས་འབད་མི་ རྒྱལ་ཁབ་དང་པ་འབད་ནི་དེ་གིས་ཨིན་མས།
རྒྱལ་ཁབ་ཀྱིས་ མངལ་སྒོའི་ཀེན་སར་ མར་ཕབ་དང་ མཐའན་མཇུག་ལུ་ རྩ་མེད་གཏང་ནི་གི་ བརྩོན་ཤུགས་བསྐྱེད་དགོ་པའི་ རྒྱུ་རྐྱེན་གཙོ་བོ་ར་ འབྲུག་གི་ཨམ་སྲུ་ཚུ་ལུ་ སར་བི་ཀཱལ་ཟེར་མི་ མངལ་སྒོའི་ཀེན་སར་ཁྱབ་ཆེ་དྲགས་སྦེ་ ཐོབ་ནི་དེ་གིས་ཨིནམ་ད་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ ཨམ་སྲུ་༡༠༠,༠༠༠ ལས་༢༠ ལུ་ མངལ་སྒོའི་ཀེན་སར་ ཐོབ་དོ་ཡོདཔ་མ་ཚད་ ཨམ་སྲུ་༥ དེ་རེ་ལུ་ ཤི་རྐྱེན་བྱུངམ་ཨིན་མས།
འདི་བཟུམ་མའི་ ནད་གཞི་ཐོབ་མི་ མང་ཤོས་ཅིག་ར་ སྨན་བཅོས་འབད་ནི་གི་ དུས་ཚོད་ཕྱིསཔ་ད་རྐྱངམ་གཅིག་ བདའ་ཟུན་མི་ལུ་བརྟེན་ ཤི་རྐྱེན་བྱུང་མི་ མངམ་ཐོནམ་ཨིན་མས།
འབྲུག་གིས་ ཀེན་སར་བཀག་ཐབས་ལུ་ ཡོངས་རྫོགས་ཐབས་ལམ་བཏོན་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༦ ལུ་ ཨམ་སྲུ་ཚུ་ལུ་ སའི་ཊོ་ལོ་ཇི་ཟེར་མི་ སྨན་བཅོས་ལམ་ལུགས་ གཞི་བཙུགས་དང་ སྤྱི་ལོ་༢༠༡༠ ལུ་ ན་གཞོན་བུམོ་ཚུ་ལུ་ ཨེཆ་ཨའེ་བི་ སྨན་བཅོས་ཀྱི་ ཐབས་ལམ་ཚུ་ཡང་ འགོ་བཙུགས་ཏེ་འདུག།
དེ་གིས་མ་དོ་བར་ གསོ་བའི་འཕྲོད་བསྟེན་ཞབས་ཏོག་ སྤུས་ཚད་ཅན་སྦེ་ མཁོ་སྤྲོད་ཐོག་ བཀོལ་སྤྱོད་འབད་ནི་ལུ་ གཙོ་བོར་བཟུངམ་མ་ཚད་ མངལ་སྒོའི་ཀེན་སར་བཀག་ཐབས་འབད་ནི་ལུ་ གྲ་སྒྲིག་དང་ ཐབས་བྱུས་ལས་རིམ་༢༠༡༩-༢༣ བརྩམས་ཏེ་ སྨན་བཅོས་ཞབས་ཏོག་དང་ གོ་བ་བརྡ་སྤྲོད་འབད་ནི་ལུ་ གཙོ་རིམ་བཟུང་ནུག།
འདི་འབདཝ་ད་ ང་བཅས་ཀྱི་ ལམ་ལུགས་ནང་ ཐབས་བྱུས་དང་ སྲིད་བྱུས་བརྩམ་ནིའི་ནང་ འཐུས་ཤོར་ནི་མེད་རུང་ ལག་ལེན་དངོས་བསྟར་ནང་ལྷོདཔ་ད་ སྲིད་བྱུས་ཚུ་ ཡིག་སྣོད་ནང་ བཞག་ཐོག་ལས་ མངོན་གསལ་ཆེ་བའི་ གྲུབ་འབྲས་བཏོན་མི་དེ་ དཀོན་དྲགས་ཨིནམ་ མང་ཤོས་ཀྱིས་ ངོས་ལེན་འབད་འོང་ཟེར་མནོཝ་མས།
མངལ་སྒོའི་ཀེན་སར་དེ་ གཙོ་བོ་ར་ ཨམ་སྲུ་ཚུ་ གཉེན་ཧ་སུ་རྐྱབ་མི་དང་་ ན་ཆུང་ལས་ར་ ཨ་ལོ་སྐྱེ་ནི་ དེ་ལས་ ཕོ་སྐྱེས་གང་མང་དང་ ལུས་འབྲེལ་འབད་ནི་ ཡང་ཅིན་ ལུས་འབྲེལ་ལུ་བརྟེན་པའི་ ནད་གཞི་ཐོབ་མི་དང་ ཏམ་ཁུ་འཐུང་མི་ སྐྱེས་འགོག་གི་སྨན་ ཡུན་རིངམོ་སྦེ་ ཟ་མི་ལུ་བརྟེན་ ཐོབ་ཨིན་མས།
ན་གཞོན་ཚུ་གི་གྲས་ལས་ དཔེར་ན་ བུམོ་སྐྱེས་ལོ་༡༧ མ་ལངམ་ལས་ ཨ་ལོ་སྐྱེས་བ་ཅིན་ མོ་ལུ་ མངལ་སྒོའི་ཀེན་སར་འཐོབ་ནི་གི་ ཉེན་ཁ་བདུན་ལྟབ་ཡོདཔ་ད་ ནད་གཞི་དེ་ མར་ཕབ་དང་ སྔོན་འགོག་འབད་དགོ་པ་ཅིན་ དང་པ་ར་ ཨམ་སྲུ་ཚུ་ བརྟག་དཔྱད་འབད་བར་ འགྱོ་ནི་ལུ་ ངོ་ཚ་ནིའི་ མནོ་ལུགས་མེདཔ་བཟོ་དགོཔ་མ་ཚད་ སློབ་གྲྭ་ཚུ་ནང་ འདོད་སྤྱོད་དང་འབྲེལ་བའི་ ཤེས་ཡོན་དང་ བསླབ་སྟོན་བྱིན་ནི་ལུ་ གཙོ་རིམ་བཟུང་དགོཔ་འདུག།
འདི་དང་གཅིག་ཁར་ གསོ་བ་ལྷན་ཁག་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ མངལ་སྒོའི་ཀེན་སར་ ཧ་སུ་སྦེ་ བདའ་ཟུན་ནི་དང་ ཨམ་སྲུ་ཚུ་ སྨན་ཁང་ནང་ བརྟག་དཔྱད་འབད་བར་ འོང་བཅུག་ནིའི་དོན་ལུ་ བརྟག་དཔྱད་ཁང་ཚུ་ སྟབས་བདེ་ཏོག་ཏོ་དང་ ཉེན་སྲུང་ཅན་བཟོ་ནི་དེ་ཡང་ཁག་ཆེ།
འབྲུག་ལུ་ བརྟག་དཔྱད་ལས་རིམ་ འགོ་བཙུགས་ཏེ་ ལོ་ངོ་༡༣ སོང་ཡོད་རུང་ ད་ཚུན་གྱི་བར་ན་ བརྟག་དཔྱད་ཁྱབ་ཚད་དེ་ བརྒྱ་ཆ་༦༠ ལུ་ཡང་ མ་ལྷོད་པར་ཡོདཔ་བཞིན་དུ་ མངལ་སྒོའི་ཀེན་སར་ རྩ་མེད་གཏང་ནི་དེ་ དོ་འགྲན་ཅན་ཅིག་འོང་ནི་ཨིནམ་ལས་ གསོ་བ་བློན་པོ་གིས་ སླབ་དོ་བཟུམ་ ད་ལས་ཕར་ འབད་དགོཔ་དང་ བརྩོན་ཤུགས་ཐེབས་བསྐྱེད་དགོཔ་ ལེ་ཤ་འདུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *