མངལ་སྒོ་དང་ཨོམ་གྱི་ ཀེན་སར་ལུ་བརྟེན་ ཤི་རྐྱེན་བྱུང་མིའི་གྱངས་ཁ་ ཉུང་སུ་ཅིག་ལས་མེདཔ།

༉ ལོ་དག་པ་ཅིག་གི་ཧེ་མར་ ཨ་ནེམོ་བུ་དར་གྱི་ཨོམ་གཡསཔ་གུ་ སྦོ་ཀྲོ་ཅིག་ཐོན་ཡོད་རུང་ ཨོམ་གུ་ ན་ཟུག་ག་ཅི་ཡང་མེད་ནི་དེ་གིས་ སྣང་བདག་མེད་པར་ བཞག་ནུག།
མོ་ར་ ལོ་༣ མཚམས་བཅད་དེ་ ཕྱི་ཁར་ཐོན་པའི་སྐབས་ ཐིམ་ཕུག་ཝང་སི་སི་ནང་ལུ་སྡོད་མི་ མོ་རའི་ཆ་རོགས་ ཨ་ནེམོ་ཅིག་ཡང་ ཨོམ་གུ་སྦོ་ཀྲོ་ཐོན་ཏེ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བརྟག་དཔྱད་འབད་བར་ སོང་ཡོདཔ་སྦེ་གོ་ནུག།
སྤུ་ན་ཁ་ལས་ སྐྱེས་ལོ་༥༣ ལང་མི་ ཨ་ནེམོ་བུ་དར་གྱིས་ མོ་རའི་ཨོམ་གུ་ སྦོ་ཀྲོ་ཡོད་པའི་སྐོར་ལས་ ཨ་ནེམོ་རྒས་ཤོས་ཅིག་ལུ་ སླབ་པའི་སྐབས་ མོ་གིས་ སྨན་ཁང་ནང་སོང་ཞིནམ་ལས་ བརྟག་དཔྱད་འབད་བ་ཅིན་ ཡང་ཅིན་ ནད་གཞི་ཀེན་སར་ཡང་ འོང་སྲིད་ཟེར་ སླབ་ཡོདཔ་ཨིན་པས།
མོ་གིས་ དེ་སྦེ་སླབ་རུང་ བརྟག་དཔྱད་མ་འབད་བར་སྡོད་པའི་བར་ན་ ཨ་ནེམོ་གི་ ཆ་རོགས་དེ་གིས་ རྒྱང་བསྒྲགས་རེ་ཌིའོ་་ནང་ སྦོ་ཀྲོ་ཐོན་མི་དེ་ ཀེན་སར་གྱི་ ནད་རྟགས་ཨིན་ཟེར་ དེ་བསྒང་ གོ་ཡོདཔ་ཨིན་པས།
ཟླཝ་དག་པ་ཅིག་གི་ཤུལ་ལས་ ཨ་ནེམོ་བུ་དར་གྱི་ ཨོམ་གུ་སྦོ་ཀྲོ་ཐོན་མི་དེ་ གཡའ་ནི་འགོ་བཙུགསཔ་མ་ཚད་ སྦོམ་འགྱོ་དོ་བཟུམ་མའི་ ཚོར་སྣང་བྱུང་ཡོདཔ་ཨིན་པས།
ཨིན་རུང་ མོ་ར་ དོན་ཧིང་གི་ནད་གཞི་ཡོད་ནི་དེ་གིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བརྟག་དཔྱད་འབད་བར་ འཕྲལ་འཕྲལ་སྦེ་ར་ འགྱོ་དོ་ཡོདཔ་ལས་ ཚར་གཅིག་འབདཝ་ད་ མོ་གི་ཨོམ་གུ་ སྦོ་ཀྲོ་ཡོད་པའི་སྐོར་ལས་ ཌོག་ཊར་ལུ་ སླབ་པའི་སྐབས་ དེ་འཕྲོ་ལས་ ཀེན་སར་མཁས་མཆོག་ ཌོག་ཊར་བཀྲིས་དོན་གྲུབ་དབང་འདུས་འབད་སར་ བཏང་ཡི་ཟེར་ཨིན་པས།
ཌོག་ཊར་བཀྲིས་དང་ཕྱད་པའི་ཤུལ་ལུ་ མོ་གི་ཨོམ་གཡསཔ་གུ་ སྦོ་ཀྲོ་གཉིས་ཡོད་མི་དེ བཏོན་གཏང་དགོཔ་སྦེ་སླབ་པའི་སྐབས་ མོ་ར་དོན་ཧིང་གི་ ནད་གཞི་ཡོད་མི་ཅིག་འབད་ནི་དེ་གིས་ གཤག་བཅོས་འབད་མི་ཚུགས་ཟེར་སླབ་རུང་ ཁོ་གིས་ བཏོན་བཀོག་རང་བཀོ་དགོ་ཟེར་ སླབ་ཡོདཔ་སྦེ་ཨིན་པས།
བརྟག་དཔྱད་ཐེངས་མང་རབས་ཅིག་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༡༥ ལུ་ ཨ་ནེམོ་བུ་དར་ལུ་ ཨོམ་གྱི་ཀེན་སར་ ངེས་བདེན་ཐོབ་ཡོདཔ་སྦེ་ བདའ་ཟུན་ནུག།
ཨ་ནེམོ་བུ་དར་གྱིས་ ཀེན་སར་འདུག་ཟེར་གོཝ་ཅིག་ མོ་ར་ ཉིནམ་དག་པ་ཅིག་ སེམས་མ་དགའ་བར་ བཞེས་སྒོ་ཡང་ བཟའ་མ་ཚུགསཔ་མ་ཚད་ ཟ་ཚང་ནང་མི་ཚུ་ཡང་ ནད་གཞི་དེ་ལུ་བརྟེན་ ཤི་དོ་འོང་ཟེར་མནོ་སྟེ་ ཨ་རྟག་དང་མ་འདྲ་བའི་ བྱམས་སྐྱོང་ཚུ་ འབད་ཡོདཔ་སྦེ་ཨིན་པས།
ཌོག་ཊར་བཀྲིས་དོན་གྲུབ་ཀྱི་ བསླབ་བྱ་དང་འཁྲིལ་ཏེ་ རྒྱ་གར་སི་ལི་གུ་རི་སྨན་ཁང་ནང་ མོ་ར་གིས་ ཟད་འགྲོ་བཏང་ཐོག་ལས་ ཀེན་སར་དེ་ ཨོམ་གཞན་ནང་ཡང་ ཐོབ་མ་ཐོབ་ཀྱི་ བརྟག་དཔྱད་འབད་བར་འགྱོ་བའི་སྐབས་ གཟུགས་ཀྱི་ ཡན་ལག་གཞན་ཁར་ ཁྱབ་མ་འགྱོ་བས་ཟེར་ ཨིན་པས།
མི་མང་ཤོས་ཅིག་གིས་ ཀེན་སར་ཐོབ་ནུག་ཟེར་གོཝ་ཅིག་ དེ་འཕྲོ་ལས་ ཤི་དོ་འོང་ཟེར་ མནོ་དོ་ཡོད་རུང་ ཀེན་སར་ཐོབ་མི་ག་ར་ སྨན་བཅོས་འབད་དེ་ དྲག་མི་ཡང་ཡོད་ཟེར་ཨིན་པས།
གཤག་བཅོས་འབད་དེ་ ལོ་༤ དེ་ཅིག་ལང་ཡོདཔ་ད་ ད་ལྟོ་ ཨ་ནེམོ་བུ་དར་དེ་ ཧེ་མ་བ་ལྷགཔ་སྦེ་ གཟུགས་ཀྱི་འཕྲོད་བསྟེན་ལེགས་ཤོམ་ཡོདཔ་མ་ཚད་ ལོ་གཅིག་བ་ལོ་གཅིག་ སྒྲིང་སྒྲི་འགྱོཝ་མས་ཟེར་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ ཀེན་སར་གྱི་གནད་དོན་གསརཔ་༢༠༠༠ ལྷགཔ་ཅིག་ ལོ་༤ གི་ནང་འཁོད་ལུ་ ཐོ་བཀོད་འབད་དེ་ཡོདཔ་ལས་ གྱངས་ཁ་དང་འཁྲིལཝ་ད་ ལོ་རེ་ནང་ ཀེན་སར་ཐོབ་མི་༥༠༠ དེ་རེ་ ཐོན་དོ་ཡོདཔ་ཨིན་པས།
མོ་ནད་མཁས་མཆོག་ ཌོག་ཊར་ཨྱོན་མཚོ་མོ་གིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ ཕོཝ་གི་ཀེན་སར་དང་ བཞེས་སྒོའི་ པ་ཡེཔ་གི་ ཁྱབ་ཆེ་དྲགས་ཡོད་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ར་ ཧི་པ་ཊོ་ བའི་ལ་རི་ཀེན་སར་ ཟེར་མི་དེ་ཨིན་པས།
ཀེན་སར་དེ་༢ ལུ་བརྟེན་ ནདཔ་ཤི་རྐྱེན་བྱུང་མི་གྱངས་ཁ་ མཐོ་དྲགས་ཡོདཔ་ད་ ཧི་པ་ཊོ་བའི་ལ་རི་ཀེན་སར་ཟེར་མི་དེ་ བདའ་ཟུན་ཏེ་ གངམ་མ་འགྱོཝ་ལས་ ཤི་རྐྱེན་བྱུང་དོ་ཡོད་རུང་ ག་ཅི་ལུ་བརྟེན་ དེ་སྦེ་བྱུང་དོ་ཡོདཔ་ཨིན་ནའི་སྐོར་ལས་ ག་ཅི་ཡང་ ཞིབ་འཚོལ་འབད་འབདཝ་ མིན་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ གློ་བའི་ཀེ་སར་ཐོབ་མི་ གངམ་མེད་དེ་འབད་རུང་ ད་རེས་ནངས་པ་ འབྲུག་རྒྱལ་ཁབ་ནང་ གློ་བའི་ཀེ་སར་དེ་ཡང་ ཨང་༥ དང་༦ དེ་ཅིག་ནང་ ཚུདཔ་ཨིན་ཟེར་ཨིན་པས།
ཌོག་ཊར་ཨྱོན་མཚོ་མོ་གིས་འབད་བ་ཅིན་ འབྲུག་པའི་མི་སེར་ཚུ་ ཤུགས་སྦེ་མ་ན་ཚུན་ཚོད་ སྨན་ཁང་ནང་ འོང་ནིའི་ལུགས་སྲོལ་མེདཔ་ལས་ ཁོང་ཤུགས་སྦེ་ན་སྟེ་ བརྟག་དཔྱད་ཀྱི་དོན་ལུ་ འོང་པའི་བསྒང་ལས་ དུས་ཚོད་ཕྱིསཔ་མས་ཟེར་ཨིན་པས།
དེ་འབདཝ་ལས་ རང་ལུ་ནད་གཞི་ཡོད་པ་ཅིན་ སྨན་བཅོས་ཀྱི་དོན་ལུ་ འོང་དགོཔ་དེ་ གནམ་མེད་ས་མེད་ཁག་ཆེ་ཟེར་ཨིན་པས།
གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚུ་ནང་ ཀེན་སར་ཐོབ་མི་ནདཔ་ ལེ་ཤ་ཡོད་དེ་འབད་རུང་ དུས་ཚོད་ཁར་ སྨན་བཅོས་ཚུ་འབད་ཚུགས་ནི་དེ་གིས་ ཤི་རྐྱེན་བྱུང་མིའི་གྱངས་ཁ་དེ་ཡང་ ཉུང་སུ་ལས་བརྒལ་མེད་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ ཨམ་སྲུ་མང་ཤོས་ཅིག་ར་ ཨོམ་དང་ མངལ་སྒོ་ཚུ་ལུ་ ཀེན་སར་ཐོབ་དོ་ཡོདཔ་ད་ དེ་ཡང་ མང་ཤོས་ཅིག་ ལོ་ན་ཆུང་ཀུ་འབད་མི་ ཨམ་སྲུ་ཚུ་གིས་ཐོབ་དོ་ཡོད་རུང་ ཕོཝ་གི་ཀེན་སར་འབད་བ་ཅིན་ མི་རྒན་ཤོས་ཚུ་གིས་ ཐོབ་དོ་ཡོདཔ་ཨིན་པས།
མངལ་སྒོ་དང་ ཨོམ་གི་ཀེན་སར་ལུ་བརྟེན་ཏེ་ ཤི་རྟེན་བྱུང་མིའི་གྱངས་ཁ་དེ་ ཉུང་སུ་ཅིག་ལས་ མེདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *