མང་སྡེ་ཆུ་གློག་མེའི་ བསྒྱིར་འཕྲུལ་༣ པ་ ཉམས་བཅོས་འབད་དོ་ཡོདཔ།

༉ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ བསྒྱིར་འཕྲུལ་༣ པ་དེ་ ཉམས་བཅོས་འབད་ནིའི་དོན་ལུ་ གནས་སྐབས་ཅིག་ ལག་ལེན་མཚམས་འཇོག་འབད་དེ་བཞག་ནུག།
མང་སྡེ་ཆུ་གློག་མེ་ལས་འགུལ་དབང་འཛིན་གྱི་ མཉམ་འབྲེལ་འཛིན་སྐྱོང་མདོ་ཆེན་ བཙན་སྐྱོགས་ཚེ་རིང་གིས་ སླབ་མིའི་ནང་ གློག་མེ་འཕྲུལ་ཁང་ལུ་ གློག་མེ་ཐོན་སྐྱེད་འབད་མི་ བསྒྱིར་འཕྲུལ་༤ ཡོདཔ་བཞིན་དུ་ བསྒྱིར་འཕྲུལ་རེ་གིས་ དུས་ཡུན་ཆུ་ཚོད་༥༠༠ ལྷགཔ་ཅིག་ གཡོག་བཀོལ་བའི་ཤུལ་ལུ་ ལག་ལེན་ལམ་སྟོན་དང་འཁྲིལ་ ཉམས་བཅོས་འབད་དགོཔ་ལས་ ད་ལྟོ་ བསྒྱིར་འཕྲུལ་༣ པ་དེ་ ལག་ལེན་འཐབ་ནི་ལས་ མཚམས་འཇོག་འབད་ཡི་ཟེར་ཨིན་པས།
མཉམ་འབྲེལ་འཛིན་སྐྱོང་མདོ་ཆེན་གྱིས་ སླབ་མིའི་ནང་ དགེ་ལེགས་ཕུག་ལུ་ འབྲུག་གློག་མེ་ལས་འཛིན་གྱི་ འཕྲུལ་རིག་ཞབས་ཏོག་སྡེ་ཚན་ནང་ལས་ འཕྲུལ་རིགཔ་ཚུ་ བལྟ་རྟོག་དང་ ཉམས་བཅོས་ཀྱི་དོན་ལུ་འབོ་སྟེ་ ལཱ་འབད་དོ་ཡོདཔ་ལས་ ཉིནམ་༤ དང་༥ གི་ ནང་འཁོད་མཇུག་བསྡུ་འོང་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ད་ལྟོ་ བསྒྱིར་འཕྲུལ་༡ གནས་སྐབས་ཅིག་ ལག་ལེན་འཐབ་ནི་ལས་ མཚམས་འཇོག་འབད་ཡོདཔ་ཨིན་རུང་ བསྒྱིར་འཕྲུལ་གཞན་༣ ལག་ལེན་འཐབ་ཐོག་ལས་ ཉིན་བསྟར་བཞིན་དུ་ གློག་ཤུགས་མེ་ག་ཝཱཊ་༤༧༡.༧༠ ཐོན་སྐྱེད་འབད་དོ་ཟེར་ཨིན་པས།
ད་རེས་ནངས་པར་ ཆུའི་ཤུགས་ཚད་དེ་གིས་ བསྒྱིར་འཕྲུལ་༣ རྐྱངམ་གཅིག་ ལཱ་འབད་ནི་ ལང་དོ་ཡོདཔ་ད་ བསྒྱིར་འཕྲུལ་རེ་ལུ་ དུས་ཡུན་སྐར་ཆ་རེ་ནང་ ཆུ་ཀིའུ་བིག་མི་ཊར་༢༩.༥ དགོཔ་ཨིན་པས།
མང་སྡེ་ཆུ་གློག་མེ་འཕྲུལ་ཁང་གི་ བསྒྱིར་འཕྲུལ་རེ་གིས་ ཉིན་བསྟར་བཞིན་དུ་ གློག་ཤུགས་མེ་ག་ཝཱཊ་༡༨༠ ཐོན་སྐྱེད་འབད་ནི་གི་ ནུས་ཚད་ཡོདཔ་ད་ བསྒྱིར་འཕྲུལ་ཅིག་ ལག་ལེན་མེད་པར་ མཚམས་འཇོག་དང་ ཡང་ཅིན་ མེདཔ་ཐལ་བ་ཅིན་ ཉིནམ་རེ་ལུ་ རྒྱལ་ཁབ་ཀྱི་ འོང་འབབ་ལུ་ དངུལ་ཀྲམ་ས་ཡ་༡༧.༧༩༨ ལྷགཔ་རེ་ གྱོང་རྒུད་ཕོག་དོ་ཡོདཔ་ཨིན་པས།
མང་སྡེ་ཆུ་གློག་མེ་འཕྲུལ་ཁང་ལས་ རྒྱ་གར་ལུ་ གློག་ཤུགས་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༡༢ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༡ ལུ་ མང་སྡེ་ཆུ་གློག་མེ་འཕྲུལ་ཁང་ལས་ གློག་མེ་ཐོན་སྐྱེད་འབད་མི་ལུ་བལྟཝ་ད་ བསྒྱིར་འཕྲུལ་དང་པ་གིས་ གློག་ཤུགས་མེ་ག་ཝཱཊ་༨༢ ལྷགཔ་ཅིག་ལས་ ཐོན་སྐྱེད་མ་འབད་རུང་ བསྒྱིར་འཕྲུལ་༢ པ་དང་༤ པ་གིས་ གློག་ཤུགས་མེ་ག་ཝཱཊ་༡༩༣ དང་༡༩༥ ལྷགཔ་ཅིག་ ཐོན་སྐྱེད་འབད་མི་དེ་ ནུས་ཚད་ལས་ ལྷག་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *