མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ལཱ་བརྒྱ་ཆ་༩༦.༥ མཇུག་བསྡུ་ཡོདཔ།

༉ ད་ལྟོ་བཟུམ་སྦེ་ར་ ལཱ་དེ་ཚུ་ བར་ཆད་མེད་པར་ ལེགས་ཤོམ་འགྱོ་བ་ཅིན་ མང་སྡེ་ཆུ་གློག་མེ་ལས་འགུལ་དབང་འཛིན་གྱིས་ སྤྱི་ཟླ་༨ པའི་ཚེས་༡༥ དང་ སྤྱི་ཟླ་༡༠ པའི་ཚེས་༡༥ འི་བར་ན་ ཆུ་ལམ་ཁ་བསྒྱུར་བཏང་མི་དེ་ བསུབ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
གློག་ཤུགས་མེ་ག་ཝཱཊི་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་འཕྲུལ་ཁང་བཟོ་སྐྲུན་གྱི་དོན་ལུ་ ས་འོག་ཆུ་ལམ་དང་ ཆུ་རྫིང་རྐྱབ་ད་ མང་སྡེ་ཆུ་ཁ་བསྒྱུར་བཏང་ཡོད་མི་དེ་ སྤྱི་ཟླ་༩ པ་དང་༡༠ པའི་ནང་ ཆུ་ལམ་བསུབ་ཐོག་ལས་ གཙང་ཆུ་དེ་ ཆུ་རྫིང་ནང་ གཏང་ནི་ཨིན་པས།
ལས་འགུལ་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཨེ་ཀེ་མིཤ་ར་གིས་ སླབ་མིའི་ནང་ སྤྱི་ཟླ་༥ པའི་ཚེས་༣༡ ཚུན་ཚོད་ བཟོ་སྐྲུན་གྱི་ ལཱ་བརྒྱ་ཆ་༩༦.༥ མཇུག་བསྡུ་ཡོདཔ་བཞིན་དུ་ ཞི་བའི་བཟོ་སྐྲུན་དང་ འཕྲུལ་ཁང་དང་འབྲེལ་བའི་ལཱ་ དེ་ལས་ གློག་མེ་ཚད་སྤེལ་རྒྱུན་ལམ་གྱི་ ལཱ་དེ་ཚུ་ཡུདཔ་ཅིག་ མཇུག་བསྡུ་ནི་གུ་ ལྷོད་དེ་ཡོད་ཟེར་ཨིན་པས།
མདང་ཞག་ཁམས་ཅིག་ཁར་ ལས་འགུལ་དབང་འཛིན་གྱིས་ ལས་འགུལ་དེ་ སྤྱི་ལོ་༢༠༡༨ ཟླ་༦ པ་ལས་༩ པའི་ནང་ མཇུག་བསྡུ་ནི་སྦེ་ ཞལ་དུས་ཕར་འཕུད་རྐྱབ་ཡོདཔ་ཨིན་རུང་ སྤྱི་ཟླ་༣ པ་དང་༤ པའི་ནང་ རྩི་ས་བཀྲམ་སྤེལ་ལངམ་མེད་མི་ལུ་བརྟེན་ སྤྱི་ཟླ་༡༡ པའི་ནང་ མཇུག་བསྡུ་འོང་ཟེར་ འདས་པའི་དྲི་བཀོད་སྐབས་ ཨེ་ཀེ་མིཤ་ར་གིས་བཤད་ཡོད།
འཆར་གཞི་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༢ ཟླ་༦ པའི་ནང་ འགོ་བཙུགས་མི་ ལས་འགུལ་དེ་ སྤྱི་ལོ་༢༠༡༧ ཟླ་༩ པའི་ནང་ མཇུག་བསྡུ་དགོཔ་ཨིན་པས།
མང་སྡེ་ཆུ་ལས་འགུལ་གྱི་ སྔོན་རྩིས་ཟད་འགྲོ་ལན་ཐེངས་གསུམ་ བསྒྱུར་བཅོས་སོང་ཡོདཔ་ད་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ནང་ བསྐྱར་བཅོས་འབད་མི་ ཟད་འགྲོ་མ་དངུལ་ས་ཡ་༥༢,༧༠༩.༡༡ དེ་ ལས་འགུལ་དབང་འཛིན་གྱིས་ དུས་ཅི་ སྤྱི་ཟླ་༣ པའི་ནང་ གནང་བའི་དོན་ལུ་ རྒྱ་གར་གཞུང་ལུ་ བཙུགས་ཏེ་ཡོད་ཟེར་ ཨེ་ཀེ་མིཤ་ར་གིས་ བཤདཔ་ཨིན་པས།
མང་སྡེ་ཆུ་ལས་འགུལ་ བསྒྲུབས་པའི་ཤུལ་ལས་ ལོ་རེ་ནང་ གློག་ཤུགས་ཡུ་ནིཊ་ཐེར་འབུམ་༣ རེ་ ཐོན་སྐྱེད་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *