མང་སྡེ་ཆུ་གློག་མེ་ལས་འགུལ་བསྒྲུབ་ནིའི་ཞག་དུས་ སྤྱི་ཟླ་༡༡ པའི་ནང་ ཕར་འགྱངས་འབད་ཡོདཔ།

༉ འདས་པའི་ཟླཝ་ཕྱེད་དང་གཉིས་ཀྱི་རིང་ལུ་ རྩི་ས་བཀྲམ་སྤེལ་ལངམ་སྦེ་ མེད་མི་དེ་གིས་ ཀྲོང་གསར་མང་སྡེ་ཆུ་གློག་མེ་ལས་འགུལ་ནང་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོག་ཅི་ཟེར་ ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨེ་ཀེ་ མིཤ་ར་གིས་ བཤདཔ་ཨིན་པས།
མདང་ཞག་ཅིག་ཁར་ ལས་འགུལ་དབང་འཛིན་གྱིས་ གློག་ཤུགས་མེ་ག་ཝཱཊི་༧༢༠ འབད་མི་ ལས་འགུལ་དེ་ སྤྱི་ལོ་༢༠༡༨ ཟླ་༦ པ་ལས་༩ པའི་ནང་ མཇུག་བསྡུ་ནི་སྦེ་ ཞལ་དུས་ཕར་འཕུད་རྐྱབ་ནུག།
དེ་འབདཝ་ད་ གློག་མེ་འཕྲུལ་ཁང་བཟོ་སྐྲུན་བསྒྲུབ་ནི་ལུ་ ཡུན་འགྱངས་འགོར་མི་དེ་ རྩི་ས་ལངམ་མེད་ནི་དེ་གིས་ཨིན་རུང་ ལས་འགུལ་དེ་ སྤྱི་ཟླ་༡༡ པའི་ནང་ མཇུག་བསྡུ་འོང་ཟེར་ ཨེ་ཀེ་མིཤ་ར་གིས་ བཤདཔ་ཨིན་པས།
ལས་འགུལ་འགོ་དཔོན་ཚུ་གིས་ རྩི་ས་དགོས་མཁོའི་སྐོར་ བཤད་མིའི་ནང་ སྤྱི་ཟླ་༤ པའི་ནང་ ལས་འགུལ་དེ་ལུ་ རྩི་ས་མེ་ཊིག་ཊཱན་༡༣,༥༠༠ དགོཔ་ཨིན་རུང་ རྩི་ས་མེ་ཊིག་ཊཱོན་༤,༠༠༤ འབདཝ་ད་ དགོས་མཁོ་བརྒྱ་ཆ་༣༠ མ་གཏོགས་ མ་ཐོབ་ཟེར་ཨིན་པས།
ཨིན་རུང་ རྩི་ས་བཀྲམ་སྤེལ་དེ་ དུམ་གྲ་ཅིག་ ཡར་སེང་སོང་སྟེ་ སྤྱི་ཟླ་༥ པའི་ཚེས་༢༠ ཚུན་ རྩི་སའི་དགོས་མཁོ་ བརྒྱ་ཆ་༦༨ གྲུབ་ཚུགས་མི་དེ་ཡང་ ཟླཝ་འདི་ནང་ རྩི་ས་མེ་ཊིག་ཊཱོན་༡༠,༡༠༠ དགོཔ་ཡོད་མི་ལས་ ཉིན་གྲངས་༢༠ ནང་ རྩི་ས་མེ་ཊིག་ཊཱོན་༦,༩༡༥ ཐོབ་ནུག།
ཨེ་ཀེ་མིཤ་ར་གིས་འབད་བ་ཅིན་ ད་ཚུན་གྱི་བར་ན་ གློག་མེ་ལས་འགུལ་གྱི་ ལཱ་བརྒྱ་ཆ་༩༦ དེ་ཅིག་ མཇུག་བསྡུ་སྟེ་ཡོདཔ་བཞིན་དུ་ ད་ལྟོ་འབད་དགོཔ་ཡོད་མི་ ལཱ་ག་ར་ རྩི་ས་དང་འབྲེལ་བའི་ བཟོ་སྐྲུན་འབད་དགོཔ་ཚུ་ཨིན་ཟེར་ཨིན་པས།
ད་རེས་ནངས་པར་ རྩི་ས་བཀྲམ་སྤེལ་དེ་ རྒྱུན་བརྟན་སོང་ཡོད་རུང་ ཟླ་ངོ་ལྷགཔ་ཅིག་ རྩི་ས་ལངམ་སྦེ་ བཀྲམ་སྤེལ་འབད་མ་ཚུགསཔ་ལས་ བཟོ་སྐྲུན་གྱི་ ལཱ་ཚུ་ལུ་ བར་ཆད་བྱུང་ཡི་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤདཔ་ཨིན་པས།
སྤྱིར་སྙོམས་ལུ་ ལས་འགུལ་གྱི་དགོས་མཁོ་ ཉིནམ་རེ་ལུ་ རྩི་ས་མེ་ཊིག་ཊཱོན་༤༠༠ དང་༥༠༠ གི་བར་ན་ དགོཔ་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ཡན་ལག་ཚོང་སྡེ་ཅིག་ཨིན་མི་ གདུང་བསམ་རྩི་ས་ལས་འཛིན་གྱིས་ མང་སྡེ་ཆུ་ལས་འགུལ་ལུ་ རྩི་ས་བཀྲམ་སྤེལ་འབདཝ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཧེ་མ་ ལས་འགུལ་གྱི་ འགོ་དཔོན་དང་ རྒྱུ་ནོར་གཞི་བཟུང་གི་བར་ན་ ཆེ་མཐོའི་གནས་རིམ་གྱི་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ རྩི་ས་ལང་མ་ཚུགས་པའི་ དཀའ་ངལ་བྱུངམ་ད་ དགོས་མཁོ་འགྲུབ་ཐབས་ལུ་ རྩི་ས་གསོག་འཇོག་ནང་ བཞག་དགོཔ་སྦེ་ གྲོས་འཆམ་བྱུང་ཡོད་ཟེར་ཨིན་པས།
འགོ་དཔོན་གྱིས་འབད་བ་ཅིན་ གདུང་བསམ་རྩི་ས་ལས་འགུལ་གྱིས་ རྩི་ས་བརྒྱ་ཆ་༩༥ དེ་ཅིག་ བཀྲམ་སྤེལ་འབད་ཚུགས་དོ་ཡོདཔ་ལས་ ལྷག་ལུས་བརྒྱ་ཆ་༥ གཞན་ཁ་ལས་ མཁོ་སྒྲུབ་འབད་དགོཔ་ད་ ཡང་ཅིན་ ལས་འགུལ་གྱི་ གསོག་འཇོག་ནང་ལས་ ལག་ལེན་འཐབ་དགོཔ་ཨིན་ཟེར་ཨིན་པས།
ང་བཅས་ཀྱི་ ཁ་ཐུག་ལས་ རྩི་ས་བཀྲམ་སྤེལ་དེ་ འཐུས་ཤོར་མེད་པར་ འབད་ཡི་ཟེར་ འགོ་དཔོན་དེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *