མགུ་སྐོར་རྐྱབ་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ།

༉ སྐྱེས་ལོ་༤༣ ལང་མི་ ཕོ་སྐྱེས་ཅིག་གིས་ ཅ་དམ་འགོ་དཔོན་ཨིནམ་སྦེ་ རྫུས་བཟོ་ཐོག་ལས་ སྤྱི་ཟླ་༡ པའི་ བདུན་ཕྲག་༡ གི་ནང་ཁོད་ལུ་ དགེ་ལེགས་ཕུག་གི་ ཚོང་པ་༢ ལུ་ མགུ་སྐོར་རྐྱབ་སྟེ་ དངུལ་ཀྲམ་༩༨,༠༠༠ བཙུགས་བཅུག་པའི་ ཁ་ཉེས་ཡོད་མི་ལུ་བརྟེན་ ཁྲིམས་སྲུངའགག་པ་གིས་ ཕོ་སྐྱེས་དེ་ དོ་དམ་འོག་ལུ་བཙུགས་ནུག།

དོགས་པ་དེ་གིས་ ཚོང་པ་༢ ལུ་ སྤྱི་ཟླ་༡ པའི་ཚེས་༢༥ དང་༢༦ ལུ་ བརྒྱུད་འཕྲིན་བཏང་ཐོག་ལས་ ཏི་རུ་བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

དགེ་ལེགས་ཕུག་གི་ ཕྱིར་ཚོང་འཐབ་མི་ཅིག་ལུ་ སྤྱི་ཟླ་༡ པའི་ཚེས་༢༥ ལུ་ དོགས་པ་ཅན་གྱིས་ སྐྱིན་འགྲུལ་གསརཔ་ལེན་ནིའི་དོན་ལུ་ སྐྱིན་འགྲུལ་རྙིངམ་ལྷག་ལུས་ དངུལ་ཀྲམ་༣༠,༠༠༠ བཙུགས་དགོཔ་སྦེ་ འགྲུལ་འཕྲིན་བཏང་ཡོདཔ་ཨིན་པས།

ཉིནམ་༡ གི་ཤུལ་ལས་ ཉེན་བཅོལ་གྱི་ གྲོགས་རམ་འབད་དགོ་པའི་སྐོར་ལས་ ད་རུང་ བརྒྱུད་འཕྲིན་ཅིག་ ལྷོད་ཡོདཔ་ད་ ཕྱིར་ཚོང་པ་གིས་ སླབ་མིའི་ནང་ བརྒྱུད་འཕྲིན་བཏང་མི་དེ་ ཁོ་རའི་ཁྱིམ་ཚང་ ཅ་དམ་འགོ་དཔོན་དང་ ཆ་རོགས་ཡང་ཨིནམ་སྦེ་ མནོ་ཡི་ཟེར་ཨིན་པས།

ཉིནམ་དག་པ་ཅིག་གི་ཤུལ་ལས་ བརྒྱུད་འཕྲིན་ཨང་གྲངས་གཅིག་ལས་ར་ ཕྱིར་ཚོང་འཐབ་མི་ སོ་སོ་ཅིག་ལུ་ བརྒྱུད་འཕྲིན་ལྷོད་ཡོདཔ་བཞིན་དུ་ དེ་བསྒང་ཡང་ ཅ་དམ་འགོ་དཔོན་ཨིནམ་སྦེ་ སླབ་ཡོདཔ་ལས་ འབྱིད་སྐོར་ཨིན་པའི་ འཆར་སྣང་བྱུང་ཡི་ཟེར་ཨིན་པས།

ཕྱིར་ཚོང་པ་གིས་འབད་བ་ཅིན་ ཕྱི་བཙོང་འཐབ་མི་གཞན་༤ ལུ་ཡང་ བརྒྱུད་འཕྲིན་ཨང་གྲངས་ ཅོག་གཅིགཔ་ལས་ བརྒྱུད་འཕྲིན་ལྷོད་མི་ལུ་བརྟེན་ གནད་དོན་དེ་གི་སྐོར་ལས་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།

དོགས་པ་ཅན་དེ་གིས་ ཆང་ཚོང་པ་ཅིག་ལུ་ཡང་ མགུ་སྐོར་རྐྱབ་སྟེ་ དངུལ་ཀྲམ་༥༨,༠༠༠ བཙུགས་བཅུག་ཡོདཔ་མ་ཚད་ ཅ་དམ་འགོ་དཔོན་ཨིནམ་བཟོ་སྟེ་ བཟའ་ཆས་ཚོང་ཁང་ཅིག་ལུ་ བརྒྱུད་འཕྲིན་བཏང་སྟེ་ ཚོང་ཁང་ཞིབ་དཔྱད་འབད་ཐོག་ལས་ ཁང་གླ་ཡང་ ལེན་འབག་ཡོདཔ་ཨིན་པས།

ཚོང་ཁང་གི་ ཇོ་བདག་དེ་གིས་ དགེ་ལེགས་ཕུག་ལས་ ཅ་དམ་འགོ་དཔོན་ངོ་མ་འོངམ་ད་རྐྱངམ་གཅིག་ ཤེས་རྟོགས་བྱུང་པའི་ཤུལ་ལས་ བརྒྱུད་འཕྲིན་ཨང་གྲངས་དེ་ལུ་ བརྒྱུད་འཕྲིན་བཏང་པའི་སྐབས་ ཁག་འབགཔ་ཅིག་ཨིནམ་སྦེ་ སླབ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྱིད་སྐོར་རྐྱབ་མི་གིས་ གླ་འཁོར་དེད་གཡོགཔ་ཅིག་གི་ རྩིས་ཁྲ་དང་ ངོ་སྤྲོད་ལག་ཁྱེར་མ་འདྲཝ་ལེ་ཤ་ ལག་ལེན་འཐབ་སྟེ་ སྤུ་ན་ཁ་ལས་ ཨམ་སྲུ་ཅིག་གི་ མིང་ཐོ་ཁར་ མཁོ་སྒྲུབ་འབད་མི་ སིམ་ཀཱཊི་ལག་ལེན་འཐབ་ནུག་ཟེར་ཨིན་པས།

དོགས་པ་ཅིན་དེ་གིས་ བྱ་ངན་འབད་བའི་སྐབས་ ཁོ་རའི་བརྒྱུད་འཕྲིན་ཨང་གྲངས་དང་ རྩིས་ཁྲ་ལག་ལེན་མ་འཐབ་པས་ཟེར་ཨིནམ་ད་ ཁོ་གིས་ ཚོང་འབྲེལ་པ་ཚུ་གི་ ཁ་གསལ་ཚུ་ ཡོངས་འབྲེལ་ཐོག་ལས་ ཐོབ་ཡོདཔ་ཨིན་པས།

གླ་འཁོར་དེད་གཡོགཔ་ཅིག་གི་ རྩིས་ཁྲ་ནང་ལས་ སྤྱི་ཟླ་༡ པའི་ནང་ དངུལ་ཀྲམ་༩༨,༠༠༠ བརྩིས་ཏེ་ དངུལ་སྤྲོད་ལེན་བརྗེ་སོར་༨ དེ་ཅིག་འབད་ཡོད་པའི་ཁར་ གླ་འཁོར་སོ་སོ་ལས་ ཚོང་པ་དང་ ཚོང་ཁང་བཙུགས་སྡོད་མི་ཚུ་ལས་ དངུལ་རྐྱང་བསྡུ་ལེན་དང་ ཡོངས་འབྲེལ་ཐོག་ལས་ མ་དངུལ་ལེན་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ འདས་པའི་ཟླཝ་༣ གྱི་ ནང་འཁོད་ལུ་ སྤ་རོ་དང་ བསམ་གྲུབ་ལྗོངས་མཁར་ བཀྲིས་གཡང་རྩེ་ བསམ་རྩེ་ ཕུན་ཚོགས་གླིང་ དེ་ལས་ ཆུ་ཁ་ཚུ་ནང་ཡང་ དོགས་ཅན་གྱིས་ བྱ་ངན་འབད་ཡོད་པའི་ ཉོགས་བཤད་ཚུ་ ལྷོད་དེ་ཡོདཔ་ཨིན་པས།

དོགས་ཅན་དེ་གིས་ ཁོ་རའི་ཁ་གསལ་དང་ བརྒྱུད་འཕྲིན་ཨང་གྲངས་ཚུ་ ཕུད་རྡོག་གཅིག་ལུ་ཡང་ བརྗེ་སོར་མ་འབད་བར་ཡོདཔ་ད་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་ དབང་འདུས་ཕོ་བྲང་དང་ སྤུ་ན་ཁའི་ ཁྲིམས་སྲུང་འགག་སྡེ་དང་ མཉམ་འབྲེལ་ཐོག་ལས་ དོགས་ཅན་དེ་ སྤྱི་ཟླ་༣ པའི་ཚེས་༥ ལུ་ འཛིན་བཟུང་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར། ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *