ཁ་སྟོད་རྒེད་འོག་ནང་ ཁྱིམ་གུང་༤༣ གྱིས་ སྐྱ་སྒོགཔ་འཛུགས་སྐྱོང་འབད་ཡོདཔ་ཨིན་པས།

མགར་སའི་སོ་ནམ་པ་ཚུ་ སྐྱ་སྒོགཔ་བཙོང་མ་ཚུགས་པའི་ ཚ་གྱང་ལང་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ མགར་ས་ཁ་སྟོད་རྒེད་འོག་གི་ སོ་ནམ་པ་ཚུ་གིས་ སྐྱ་སྒོགཔ་བསྡུ་ཡོདཔ་ཨིན་རུང་ ནད་ཡམས་ལུ་བརྟེན་ བཙོང་མ་ཚུགས་པའི་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

ཉིནམ་དག་པ་ཅིག་གི་ཧེ་མར་ སྐྱེས་ལོ་༣༥ ལང་མི་ བདེ་ཆེན་དཔལ་སྒྲོན་གྱིས་ཡང་ ས་ཆ་ཨེ་ཀར་༢ དེ་ཅིག་ནང་ འཛུགས་སྐྱོང་འབད་མི་ སྐྱ་སྒོགཔ་ཚུ་ བསྡུ་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ སྐྱ་སྒོགཔ་ཁུག་ནིའི་དོན་ལུ་ ཟླཝ་༡༠ འགོར་ཡོདཔ་མ་ཚད་ སྐམ་ནི་དང་ འཕྱག་ནིའི་དོན་ལུ་ ཟླཝ་༢ དེ་ཅིག་ འགོར་ཡི་ཟེར་ཨིན་པས།

ན་ཧིང་ བདེ་ཆེན་དཔལ་སྒྲོན་གྱིས་ སྐྱ་སྒོགཔ་སོན་ཀེ་ཇི་༡༦༠ དེ་ཅིག་ བཙུགས་པའི་སྐབས་ ཀེ་ཇི་༡༠ རྫོང་ཁག་སོ་ནམ་ལས་བྱེདཔ་ཚུ་གིས་ བྱིན་ཡོདཔ་ད་ ཁ་སྟོད་སོ་ནམ་རྒྱ་སྐྱེད་འགོ་དཔོན་ ཚེ་དབང་རྒྱལ་མཚན་གྱིས་འབད་བ་ཅིན་ རྒེད་འོག་ནང་ ཁྱིམ་གུང་༦༠ ལྷག་ཅིག་ ཡོད་མི་ལས་༤༣ གྱིས་ སྐྱ་སྒོགཔ་འཛུགས་སྐྱོང་འབད་དེ་ཡོད་ཟེར་ཨིན་པས།

ཚེ་དབང་རྒྱལ་མཚན་གྱིས་ སྤྱི་ལོ་༢༠༡༨ དང་༢༠༡༩ ལུ་ སོ་ནམ་ཐོན་སྐྱེད་བཙོང་ནིའི་དོན་ལུ་ སོ་ནམ་པ་ཚུ་ བུ་ཊཱན་ཨིས་མཱཊི་ཤོཔ་ཟེར་མི་ ཚོང་ཁང་དང་གཅིག་ཁར་ འབྲེལ་བ་བཟོ་སྟེ་ཡོད་ཟེར་ བཤད་པའི་ཁར་ མ་གཞི་ ཁོང་གིས་ སོ་ནམ་པ་ཚུ་ལུ་ གདམ་ཁ་བྱིནམ་ཨིན་རུང་ ཁོང་ར་གིས་ར་ བཙོང་ཚུགས་པ་ཅིན་ ལེགས་ཤོམ་ཨིན་མས་ཟེར་ བཤདཔ་ཨིན་པས།

ན་ཧིང་ སོ་ནམ་པ་ཚུ་གིས་ སྐྱ་སྒོགཔ་ཚུ་ མགར་སའི་སྒོ་ཚོང་པ་ཚུ་ལུ་ བཙོང་ཡོདཔ་དང བདེ་ཆེན་དཔལ་སྒྲོན་གྱིས་ སླབ་མིའི་ནང་ སྐྱ་སྒོགཔ་ཚུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠༠ རེ་སྦེ་ བཙོང་ཡི་ཟེར་ཨིན་པས། 

མོ་གིས་ སླབ་མིའི་ནང་ ན་ཧིང་ སྐྱ་སྒོགཔ་ཚུ་ སྐྱུར་རྫས་བཟོ་ནིའི་དོན་ལུ་ མཁོ་འདོད་བཀོད་མི་ ཐོན་ཡོད་རུང་ ནད་ཡམས་ཀྱིས་ ཚོང་འབྲེལ་ཁང་ཚུ་ལུ་ བར་ཆད་རྐྱབ་ཡོདཔ་ལས་ དུས་ཅི་ ཉོ་མི་མི་འཐོན་ནིའི་ ཚ་གྱང་ཡོད་ཟེར་ཨིན་པས།

སོ་ནམ་པ་ཚུ་གིས་ སྐྱ་སྒོགཔ་སྦོམ་དང་ ཆུང་ཀུ་ཚུ་ སླ་བསྲེས་ཏེ་ བཙོང་ནི་དེ་གིས་ ཁོང་ར་གིས་ མནོ་དོ་བཟུམ་ གོང་ཚད་འཐོབ་མི་ཚུགས་པར་ཟེར ཚེ་དབང་རྒྱལ་མཚན་གྱིས་ བཤད་པའི་ཁར་ དུས་ཅི་ སོ་ནམ་པ་ཚུ་གིས་ སྐྱ་སྒོགཔ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥༠ རེ་སྦེ་ བཙོང་མི་ཚུགས་ནི་བཟུམ་འདུག་ཟེར་ བཤདཔ་ཨིན་པས།

མགར་ས་དེ་ གྱང་བསིལ་ཆེ་བའི་ཁར་ ཆརཔ་རྐྱབ་དོ་ཡོདཔ་ལས་ སྐྱ་སྒོགཔ་ཚུ་ བསྡུ་ཚར་བའི་ཤུལ་ལུ་ བདག་འཛིན་ལེགས་མ་འཐབ་པ་ཅིན་ མེདཔ་ཐལཝ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *